Back To Top

ཧྥ་ཇག་བསྒྲགས་གཏམ།

ཧྥ་ཇག་ཡི་གེ་བ་ནི།  སྒྱུ་རྩལ་གྱི་ཞིང་མཆོག་ཧྥ་རན་སིར་འབྱོར་བའི་གངས་ཁྲོད་ཀྱི་ཇག་པ་སྐོར་ཁག་ཅིག་ཡིན།མ་གཞི་ནས་འཁོར་བའི་གནས་ཆེན་པོ་འདི་འཇིགས་སུ་རུང་བའི་གཡུལ་ས་ཞིག་དང་།  མི་ཐམས་ཅད་གཡུལ་ལ་ཞུགས་པའི་ཇག་པ་ཞེ་གཅིག་ཡིན།  མིའི་རིགས་ཀྱི་མེས་པོ་འཛངས་ཤོས་ཀྱི་ཡས་མཐའ་ཇག་པར་ཐུག་པས་ཇག་པ་མེད་ན་མིའི་རིགས་མེད་ལ།ཡི་གེ་མེད་ན་མཁས་མཛངས་མེད་པས།  ཡི་གེ་ནི་མཁས་མཛངས་ཀྱི་ལག་ཆ་དང་པོ་དང་ཡི་གེ་བའི་མཚོན་ཆ་ཡག་ཤོས་ཡིན།དེར་བརྟེན།དབྱངས་གསལ་སོ་བཞིའི་མདའ་གཞུ་ཆ་འཛོམས་ཀྱི་ཇག་རྒོད་དག་ནི།མི་རིགས་ཉག་ཕྲ་ཞིང་ཡི་གེ་འཇིག་ལ་ཕྱོགས་དུས་དཔའ་ངར་ཆེན་པོས་མཁས་མཛངས་ཀྱི་མེ་ཁ་གསོ་མཁན་ཡིན།ཧྥ་ཇག་ཡིན།ཧྥ་ཇག་ཡི་གེ་བ་ཡིན།

ཁ་བ་གངས་ཅན་པའི་མཁས་པའི་གཙུག་རྒྱན་རྗེ་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱིས།མདའ་མཚོན་གོ་ཆ་མ་བཟུང་བར།།  རང་ཉིད་གཅིག་པུས་བྱེ་བའི་བདུད།།  མ་ལུས་ཕམ་མཛད་གཡུལ་གྱི་ལས།།ཁྱོད་ལས་གཞན་པ་སུ་ཡིས་ཤེས།།ཞེས་མདའ་མཚོན་མ་བཟུང་བར་བདུད་བཞི་ཕམ་པར་མཛད་པའི་གཡུལ་ལས་རིག་པ་ཞིག་ལ་བསྔགས་པ་བརྗོད་ཅིང་ཉམས་སུ་བླངས་པ་མ་ཟད།ཁ་བ་ཅན་ལ་གཡུལ་ལས་རིག་པ་འདི་རྒྱ་ཆེར་སྤེལ་ཏེ། "ལྷས་བྱིན་ཁྲོས་པའི་སྒྱོགས་རྡོ་འཕངས་ཀྱང་མི་སྨྲའི་བརྟུལ་ཞུགས་དང་དུ་ལེན་"པའི་སྐྱེ་བོ་ཁྲི་འབུམ་བྱོན་མྱོང་བ་ཡིན།དེ་དག་ཚང་མས་དབྱངས་གསལ་གྱི་མདའ་གཞུ་བསྣམས་ནས་ཐབས་ཤེས་ཟུང་འཇུག་གི་གོ་ཆ་བགོས་ཏེ།ཇག་ལ་ཆས་ཤིང་གཡུལ་ལས་རྒྱལ་བ་ཡིན།  དེ་དག་ནི་ཁ་བ་ཅན་ལ་གངས་རི་དཀར་པོའི་གཏོས་དང་མཉམ་པའི་བཀའ་བསྟན་གསེར་གྱི་རི་རབ་རྩིག་མཁན་ཡིན།དབྱངས་གསལ་གྱི་མདའ་གཞུ་ཆ་འཛོམས་ཀྱི་ཇག་རྒོད་ཐུར་མེད་དག་ཡིན།

དུས་རབས་གསར་བ་འདིའི་ནང་དུའང་།  བོད་ཀྱི་སྟོན་མཆོག་ཏཱ་ལའི་བླ་མས་ཆོས་དང་མ་འབྲེལ་བའི་སྤྱོད་བཟང་གི་ལྟ་གྲུབ་ཀྱི་མི་འཇིགས་སེང་གེའི་ང་རོ་ཆེས་ཆེར་བསྒྲགས་ཏེ།འཛམ་གླིང་གི་སྤྱི་ནོར་དགོས་འདོད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ།འཛམ་བུ་གླིང་ལ་ཨུ་དུམ་ཝ་རའི་མེ་ཏོག་ལས་ཀྱང་ཆེས་ཆེར་དཀོན་པའི་ལེགས་སྐྱེས་ཤིག་བསྩལ་གནང་ཡོད་ལ།བོད་མི་བརྒྱ་ཕྲག་གཉིས་ལ་ཉེ་བས་ཚེ་སྲོག་ལ་མེ་བསྒོས་ནས་རིག་པ་འདི་ཁ་སྟོང་ནང་གི་ཚིག་སྟོང་མིན་པར་བདེན་དཔང་བྱས་ཡོད།  འདི་ཚང་མ་དབྱངས་གསལ་གྱི་མདའ་གཞུ་ཁུར་བའི་ཇག་པ་ཞེ་གཅིག་ཡིན།

ང་ཚོ་ནི་"རང་གི་དགྲ་ལ་སྡང་མིག་ཙམ་ཡང་ལྟ་བར་མི་ནུས་"པའི་ཇག་པ་བཙན་བྱོལ་བ་སྐོར་ཁག་ཅིག་ཡིན་མོད།  ང་ཚོ་ལའང་དབྱངས་གསལ་སོ་བཞིའི་མདའ་གཞུ་ཆ་མ་རེ་འཁུར་རྒྱུ་ཡོད་ལ།མདའ་གཞུ་འདི་ཚེ་སྲོག་དང་ཚེ་སྲོག་ཀྱང་མདའ་གཞི་འདིར་བསྟིམས་འདོད་པས།  ང་ཚོས་རང་ཉིད་གངས་ཁྲོད་ཀྱི་ཇག་པ་རྣལ་མ་ཞིག་ཡིན་པར་ངོས་ལེན་བྱེད་ཀྱི་ཡོད།བོད་ཀྱི་ཆོས་དང་རིག་གཞུང་།ཆོས་དང་མ་འབྲེལ་བའི་སྤྱོད་བཟང་སོགས་འཛམ་གླིང་རིག་གནས་ཁྲོད་ཀྱི་ཨུ་དུམ་ཝ་ར་འདི་དགཁ་བ་མཁའ་ལ་འཕྱོ་བའི་བོད་གངས་ཅན་ལྗོངས་ཀྱི་དབྱངས་གསལ་སོ་བཞིའི་གཞུ་རྒྱུད་ལས་ཤོར་བ་ཞེ་གཅིག་ཡིན་པས།  ང་ཚོས་འདི་ལ་མི་གཅེས་གང་ལ་གཅེས།  ང་ཚོར་འདི་ལས་ལྷག་པའི་གཅེས་ནོར་ཅི་ཞིག་ཡོད།ང་ཚོས་མི་ཚང་མ་དབྱངས་གསལ་སོ་བཞིའི་མདའ་གཞི་ཆ་འཛོམས་ཀྱི་ཇག་པ་ངར་མ་རེ་བྱེད་པར་རེ་བ་བྱེད་ཀྱིན་ཡོད།

ཡང་གཅིག་བཤད་ན།ཇག་པ་ཞེས་པ་ནི་ངོ་ལོག་དང་འཚོལ་སྙེག་གཉིས་ཀྱི་བསྡུས་མིང་ཞིག་ཡིན།སྐབས་འདིའི་ངོ་ལོག་ཅེས་པའང་དྲིན་པོ་ཆེ་ཡི་རིགས་ལ་ངོ་ལོག་པ་མིན་པར།བླུན་པོ་མང་ཤེད་དང་བླུན་པོའི་དབང་ཤེད་ལ་ངོ་ལོག་པ་སྟེ།དབང་བསྒྱུར་བས་"མཛུབ་མོ་གར་བསྟན་ཤར་"དང་། "བླུན་པོ་ཆུ་སྣ་གར་ཁྲིད་"མ་ཡིན་པ་ནི་ཇག་པའི་ངོ་ལོག་པའི་གཤིས་ཀ་རེད།  ང་ཚོའང་ལྟོས་བཅས་ཀྱིས་བཤད་ན།ངོ་ལོག་གི་གཤིས་ཀ་འདི་ལས་དབང་གིས་ཁུར་བའི་བཙན་བྱོལ་བ་ཡིན་པས།ངོ་ལོག་གི་གཤིས་ཀ་རྒྱུན་བསྲིངས་ནས་བདེན་དོན་ལ་འཚོལ་སྙེག་བྱེད་རྒྱུ་ནི་བཙན་བྱོལ་བའི་འགན་འཁྲི་དང་པོ་ཡིན།དེར་བརྟེན།ཇག་པ་ནི་རྐུན་མ་མིན་ལ་ཁྲམ་པའང་མིན།  ཇག་པ་ནི་བདེན་དོན་གྱི་ཆེད་དུ་རང་ཉིད་ཀྱི་ཚེ་སྲོག་ལ་རྩེད་མོ་རྩེད་མཁན་ཞིག་ཡིན།  འདི་ནི་བླུན་པོས་བལྟས་ན་བླ་ན་མེད་པའི་གླེན་རྟགས་ཤིག་དང་།  ནག་རྒྱག་པཎྡིཏ་ཚོས་ཀྱང་སྡོམ་ཚིག་འདྲ་མིན་འཇོག་སྲིད་ཀྱང་།  ལོ་རྒྱུས་ཀྱིས་རྡུལ་སྤྲུགས་ཡང་ཡང་བཏང་ན་འདི་ལས་ལྷག་པའི་མཁས་རྟགས་ཤིག་མེད་ལ་འཇོན་ཐང་ཞིག་ཀྱང་མེད།

ཡང་།ཇག་པ་ཞེས་པ་ནི་རྒྱབ་ཆད་དང་དོན་གཉེར་གཉིས་ཀྱི་སྤྱི་མིང་ཞིག་ཡིན།ཇག་པའི་རྒྱབ་ན་རྒྱལ་ཁབ་མེད་པ་མ་ཟད་།ཇག་ལ་འགྲོ་བར་ཕ་མས་ཀྱང་དགོངས་ཁྲོལ་མི་གནང་ལ། ཕུ་ནུས་ཀྱང་རམ་འདེགས་མི་བྱེད།དེར་བརྟེན།ཇག་པ་ནི་རྒྱབ་རི་མེད་པའི་རྒྱབ་ཆད་ཅིག་ཡིན།བོད་ཀྱི་ཇག་གླུ་རྙིང་བ་ཞིག་གི་ནང་དུ། "ཡར་འགྲོ་དུས་རྟ་བ་རྟ་རྐྱང་དུས།། ང་དྲིན་ཆེན་ཕ་མའི་བྲོ་བརྡག་མེད།། ཉེ་བ་བཟང་པོའི་སྐྱེལ་མ་མེད།།གཞིས་ཕ་ཡུལ་དགའ་བའི་ཁ་ཏ་མེད། "།ཅེས་པ་ལྟར་ཕ་མའི་དགོངས་ཁྲོལ་དང་ཕུ་ནུའི་སྡོངས་གྲོགས་སོགས་ཅི་ཡང་མེད་པར།ང་ཚོ་ས་མཐའ་ལ་བཙན་བྱོལ་དུ་གྱར་བ་རེད། རྒྱབ་ཆད་ཀྱི་ངེད་ཅག་ནི་རྒྱལ་ཁབ་ཅིག་གི་ཤ་འཁོན་སྙིང་ན་མེར་བའི་བཙན་བྱོལ་བའམ་ཇག་པ་ཤ་སྟག་ཡིན།

ཁྱོད་ཇག་པ་རྣལ་མ་ཞིག་མིན་ན་ཁྱོད་ཀྱི་སེམས་ན་དགྲ་བོར་ཤ་འཁོན་མེད་ལ་དྲིན་ལ་ངེས་ཤེས་ཀྱང་མེད་པས་ཁྱོད་བཙན་བྱོལ་བའང་རྫུན་མ་ཞིག་ཡིན་ནོ།།ཚུལ་འཆོས་ཀྱིས་འཇིག་རྟེན་ཁ་ལོ་བསྒྱུར་ཅིང་། ཁེ་ཕན་གྱིས་མི་སེམས་གཡུང་ལ་འཕབ་པའི་ད་ལྟའི་དུས་རབས་འདིར།ཇག་པའི་རིག་གནས་ཀྱི་མེ་ཁ་གསོ་བའི་ངེད་ཚོ། སྒྱུ་རྩལ་གྱི་གནས་མཆོག་ཧྥ་རན་སིར་གནས་འཆའ་བའི་གངས་ཁྲོད་ཀྱི་རྒོད་པོ་ཁག་ཅིག་སྟེ།ཧྥ་ཇག་ཡིན། ཧྥ་རན་སིའི་མཁས་པ་གྲགས་ཆེན་ནུབ་ཕྱོགས་ཀྱི་བོད་རིག་པ་བའི་ཡབ་ཆེན་དུ་གྲགས་པའི་མཛངས་མ་ཨ་ལེ་སིང་རྡི་ཝེས།( Alexandra David-Neel) བོད་ཆེན་པོ་དང་རྒྱ་ནག་འགྲུལ་བཞུད་ཀྱི་དེབ་གདོང་དུ།བོད་ནི་ཇག་པ་དང་མི་བཟང་གི་རྒྱལ་ཁབ་ཅིག་རེད་( au pays des brigands gentilshommes ) ”ཅེས་བསྒྲགས་པ་ལྟར།བོད་ནི་གནའ་སྔ་མོ་ནས་ཇག་པ་དང་མི་བཟང་གི་རྒྱལ་ཁབ་ཅིག་ཡིན། ཇག་པ་དང་མི་བཟང་གི་གཞི་མཐུན་གྱིས་ཁེངས་པའི་ཞིང་ཁམས་ཤིག་ཡིན།

ཡིག་རྙིང་དག་གི་ནང་དུ།གནམ་གྱྀ་ནྀ་དབུས།སའྀ་ནྀ་དཀྱིལ།གླྀང་གི་ནི་སྙིང་པོ།གངས་ཀྱྀ་ནི་ར་བ།ཆུ་བོ་ཀུན་ཀྱྀ་ནི་མགོ་བོ།རྀ་མཐོ།ས་གཙང་། ཡུལ་བཟང་།ཞེས་པས་བོད་ཀྱི་ཕྱིའི་སྣོད་ཀྱི་འཇིག་རྟེན་བསྟན་ལ། "མྱྀ་མཛངས་ཤིང་དཔའ་རུ་སྐྱེས།ཆོས་བཟང་དུ་བྱེད།རྟ་མགྱོགས་སུ་འཕེལ་བའི་གནས། " ཞེས་པས་བཅུད་ཀྱི་སེམས་ཅན་དང་དེའི་བྱེད་པ་བསྟན་པ་དང་། དེ་ཡང་མདོར་དྲིལ་ན།མྱི་མཛངས་ཤིང་དཔའ་རུ་སྐྱེས་ཞེས་པའི་ཇག་པའི་སྙིང་སྟོབས་དང་བློ་གཤོགཆོས་བཟང་དུ་བྱེད་ཅེས་པའི་ཇག་པའི་བསམ་བློ།རྟ་མགྱོགས་སུ་འཕེལ་ཞེས་པས་ཇག་རྟ་དང་ཇག་པའི་འཚོ་བ་བསྟན་པ་ཡིན།

ཡང་། ཇག་པ་ནི་གནག་ས་ལ་གནག་ཅིང་དཀར་ས་ལ་དཀར་བ་ཞིག་ཀྱང་ཡིན་པས་རྒྱས་པར་གླེང་ན་རྫོགས་མཐའ་མེད་ཀྱང།སྡར་མ་དག་གི་སྙིང་ཆུང་ལུ་གུ་རྩེད་རྩེད་བྱེད་པའི་གནའ་རབས་བོད་ཀྱི་ཇག་ལས་ཀྱི་ཟུར་ཙམ་གླེང་ན་འདི་ལྟར་རོ།།གནག་རབསལས། "དགྲ་བོའི་ཤ་ནི་ཟན་ལས་ཞིམ།དགྲ་བོའི་ཁྲག་ནི་ཆང་ལས་ཞིམ།དགྲ་བོའི་བརླ་རྐང་མར་ལས་ཞིམ།དགྲ་བོའི་སྙིང་ཕྱུང་ཞིགདགྲ་བོའི་མཆན་ནས་བུ་འཕྲོག་ཅིགདགྲ་བོ་མི་རབས་བདུན་གྱི་བར་དུ་ཟས་སུ་གསོལ།དགྲ་བོའི་ཕུ་བོ་ནུ་བོ་མ་ནོར་བར་ཟླ་ལ་མ་འགོར་བར་ཁྲིད་ལ་ཤོགཉི་མ་ཤར་ཕྱོགས་ཀྱི་བཙན།ཤེལ་གྱི་མི་ལ་སྟག་གི་མགོ་བོ་ཅན་གྱི་ཕྱག་ཏུ་དགྲ་བོའི་དོན་ལྔ་སྣོད་དྲུག་འབུལ་བ་ཡིན་པས་བཞེས་པར་གྱིས།ཉི་མ་བྱང་ཕྱོགས་ཀྱི་བཙན།མི་ལུས་གྲི་མགོ་ཅན་གྱི་ཕྱག་ཏུ་དགྲ་བོའི་ལྷུ་ཆེན་ལྷུ་ཆུང་བཅུ་གཉིས།མགོ་དང་བཅུ་གསུམ་འབུལ་བ་ཡིན་པས་བཞེས་པར་གྱིས།ཟས་སུ་དགྲ་ཤ་ཟ་བ།སྐོམ་དུ་དགྲ་ཁྲག་འཐུང་བ།ཤིང་དུ་དགྲ་རུས་འབུད་པ། " ཞེས་ཇག་པས་རང་གི་མངོན་འདོད་སྒྲུབ་པར་སྲུང་མར་མཆོད་པ་དང་།བསྐུལ་བ།བཅོལ་བ་བྱེད་སྟངས་ལས་ཇག་པའི་གདུག་རྩུབ་ཀྱི་སྤྱོད་པ་ཡང་ན།  ཤ་འཁོན་གྱི་ན་ཟུག་མངོན་པ་ཡིན།ཇག་པ་བྱེད་པའི་སྙིང་སྟོབས་ལྟ་ཅི་ཇག་ལས་ལའང་མིག་གདེང་མི་ནུས་པའི་སྡར་མ་རྣམས་ལ་ཝ་རྔའི་ཞྭ་མོ་གཡོགས་ནས་དམད་པ་ནི།ལུགས་སྲོལ་ཙམ་མིན་པར་ཁྲིམས་ཡིན་པར་བཤད་ན་སུ་ཞིག་རློམ་ཨང་།  ཡིན་ནའང་།ཨེ་ཤ་ཡའི་ལྷ་ཡུལ་བོད་ཁ་བ་ཅན་དར་ཞིང་རྒྱས་པའི་སྐབས།དེ་ཡང་བོད་ཀྱི་ཆོས་རྒྱལ་གནམ་གྱི་ཉི་མ་ལྟ་བུ།  སྤྱན་རས་གཟིགས་མིའི་གཟུགས་སུ་མངོན་པར་བྱོན་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོས།  རྒྱལ་སྲིད་སྐྱོང་སྟངས་ཁྲིམས་སྲོལ་བཅོ་ལྔའི་སྡེ་ཚན་བཞི་པའི་དང་པོར་"སྡར་མའི་རྐྱེན་དུ་མགོ་ལ་ཝ་ཞུ།" ཞེས་གཏན་འབེབས་གནང་ཡོད།

ཇག་པ་སྤྱི་བཤད་ཀྱིས་ཤ་འདར་བླ་སྔངས་པའི་སྐབས་འདིེར།  ངས་ཀུ་ཡངས་དངོས་བདེན་གྱི་ཧྥ་ཇག་ཡི་གེ་བ་ངོས་འཛིན་པར་འདོད།  ཧྥ་ཇག་ནི་བོད་ནས་སྐྱེས་ཤིང་བོད་ནས་མཚར་ནའང་བཙན་དབང་གིས་བཙན་བྱོལ་ལ་ཡོང་བའི་བོད་པ་དེ་ཚོ་ཡིན།  ཧྥ་ཇག་ནི་ས་ལ་ལྷུང་བ་ནས་བཟུང་རྒྱལ་དར་ཁུར་ཏེ་བོད་ལ་རང་དབང་དགོས་པའི་འབོད་སྒྲ་མཚམས་བཞག་མ་མྱོང་བའི་བཙན་བྱོལ་བ་དེ་ཚོ་ཡིན།ཧྥ་ཇག་ནི་ཤ་རུས་མཆེད་ཁུངས་དེད་ན་བོད་ལ་ཐུག་ཅིང་ཆོས་དང་རིག་གནས་གླེང་ནའང་བོད་ཡིན་པའི་ཧི་མ་ལའི་རི་བརྒྱུད་ཀྱི་སྤུན་ཟླ་དེ་ཚོ་ཡིན།  ཧྥ་ཇག་ནི་ཤ་རུས་མཆེད་ཁུངས།རིགས་རྒྱུད་གླིང་ཕྲན་དང་བཅས་བོད་དང་འབྲེལ་བ་མེད་ཀྱང།  བོད་ཀྱི་ཆོས་དང་རིག་གནས་ལ་བརྩེ་བ་དང་ཤེས་པ་ཆེ་བའི་ཕྱི་རྒྱལ་བ་དེ་ཚོ་ཡིན།  ཧྥ་ཇག་ནི་བོད་ཀྱི་རིག་གནས་ཀྱིས་ཕྱེ་བའི་བོད་མི་རིགས་ཡིན།ཧྥ་ཇག་ཡི་གེ་བ་ནི་དབྱངས་གསལ་སོ་བཞིའི་མདའ་གཞུ་ཆ་འཛོམས་ཀྱི་དཔའ་བོ་དེ་ཚོ་ཡིན།སྟོན་མཆོག་ཤཱཀྱ་ཐུབ་པས།ང་ཡི་བསྟན་པར་རིགས་མི་གཙོ།རུས་མི་གཙོ།བསླབ་པ་གཙོ་ཞེས་བདེན་གཏམ་མི་འཇིགས་སེང་གེའི་ང་རོ་མཐོན་པོར་བསྒྲགས་པ་ལྟར། ཧྥ་ཇག་ལའང་། རིགས་མི་གཙོ།རུས་མི་གཙོ། བསླབ་པ་གཙོ། དབྱངས་གསལ་སོ་བཞིའི་བསླབ་པ་གཙོ།རིག་གནས་ཀྱི་ངོས་ནས་བཤད་ན།  བོད་ཡིག་ནི་འཛམ་གླིང་སྤྱི་ཡིག་ལ་འགྱུར་བའི་རྒྱུ་ཚོགས་གྲངས་ཚང་ཡིན་པས།དབྱངས་གསལ་སོ་བཞིའི་བསྟན་པ་ས་དར་རྡོ་དར་དང་།  ཧྥ་ཇག་ཡི་གེ་བས་གནམ་ས་འགེངས་པའི་སྨོན་འདུན་སྙིང་ནས་ཞུ།

སྤྱི་ལོ་༢༠༢༣ལོའི་ཟླ་༠༢ཚེས་༢༡བོད་རབ་བྱུང་༡༧པའི་ཆུ་མོ་ཡོས་ཀྱི་གནམ་ལོ་གསར་བཞད་དང་རྒྱལ་སྤྱིའི་སྐད་ཡིག་གི་ཉིན་མོར།

བཀླགས་གྲངས། 576

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།