ཧྥ་ཇག་རྩོམ་སྒྲིག་པའི་གཏམ།
སྲིད་སྐྱོང་སྔ་ཕྱིའི་ཞེན་མི་དང་གནག་མི།
ཧྥ་རན་སིར་བོད་མི་ཕོན་ཆེནའང་། མང་ཆེ་བ་ས་གནས་འདིར་གསར་དུ་འབྱོར་བར་བརྟེན། ས་གནས་གཞན་ལས་གནས་འདིའི་བོད་མི་ཚོ་མཐུན་སྒྲིལ་ཆེ་བ་དང་ནང་ཁུལ་གྱི་ཕྱོགས་རིས་མི་གསལ་བ་ཡིན། དེར་བརྟེན། ད་རེས་སྲིད་སྐྱོང་ཧྥ་རན་སིར་འཚམས་གཟིགས་ཀྱི་སྐབས་སུ་ངར་ནས་དྲི་བ་འདྲི་མཁན་དང་བཀག་ནས་ཀི་ལྡིར་བྱེད་མཁན་མ་བྱུང་བའང་ལྟོས་བཅས་ཀྱི་ས་འདིའི་བཟང་ཆ་རེད། སྔོན་མ་སྲིད་ཟུར་ལགས་ཧྥ་རན་སིར་ཕེབས་དུས་སུའང་མེ་འཁོར་འབབ་ཚུགས་ནས་ངོ་རྒོལ་བྱེད་མཁན་གྱི་གནག་མི་དང་ཀི་ལྡིར་བྱས་ནས་བཀག་འགོག་བྱེད་མཁན་གྱི་ཞེན་མི་བྱུང་མོད། སྐབས་དེར་ཡང་ས་གནས་གཞན་ལས་ཅུང་ཤུགས་ཆུང་བ་དང་མེ་སྟག་ཙམ་གྱི་ངོ་བོར་ཡོད། དེ་ཡང་ལྟོས་བཅས་ཀྱི་ས་འདིའི་བཟང་ཆ་ཞིག་རེད།
ཡིན་ནའང་། བློ་བཟང་སེང་གེ་དང་སྤེན་པ་ཚེ་རིང་གཉིས་ཀའི་གང་ཞིག་ས་འདིར་ཕེབས་ནའང་། ཕེབས་ཐེངས་རེར་ས་འདིར་ཕྱོགས་རིས་ཀྱི་རྣམ་པ་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་མངོན་གསལ། མངོན་གསལ་ནས་ཀྱང་ཐལ་ཆེའི་ཕྱོགས་སུ་གོམ་ཆེན་རེ་ལེན་གྱིན་འདུག
ཁོང་གཉིས་ལ་དེ་འདྲའི་འཆར་གཞི་དང་དམིགས་ཡུལ་ཡོད་མི་སྲིད་ནའང་། ཁོང་གཉིས་ཀྱི་ཞེན་མི་དང་གནག་མི་ཚོའི་བྱ་སྤྱོད་ནི་ཐལ་མཐར་ལྷུང་བ་དང་རྨོངས་མུན་གྱི་རྣམ་པ་ཅན་ཡིན་པས། སྤྱི་མི་ལ་སྤྱི་མིའི་སྣང་བརྙན་དང་བརྩི་བཀུར་ཙམ་ཡང་ཐོབ་ཀྱི་མེད།
དཔེར་ན། ད་རེས་སྲིད་སྐྱོང་ཧྥ་རན་སིར་ཕེབས་སྐབས་ཁོང་གི་ཞེན་མི་ཚོས་བོད་ཀྱི་སྲིད་སྐྱོང་ནི་ཨ་མདོའི་སྲིད་སྐྱོང་ཡིན་པ་ལྟ་བུ་ཞིག་གི་རྣམ་པར་བསྒྱུར་ཅི་ཐུབ་ཀྱིས་སྐུ་སྲུང་བ་འགའ་རེ་བཞག་ནས་དེ་ཚོ་གཡས་གཡོན་ནས་འགྲོར་བཅུག་སྟེ། སྲིད་སྐྱོང་གང་ལ་ཕེབས་ན་ཨ་མདོས་བསྐོར་ནས་བསྡད་ཡོད་པའི་སྣང་བརྙན་ཞིག་བསྟན་ཡོད། དོན་དངོས་སུ་དེ་ནི་སྣང་བརྙན་ཁོག་སྟོང་ཞིག་སྟེ། ཁོ་ཚོ་སྲིད་སྐྱོང་གི་མགྲོན་ཁང་གི་མགྲོན་བདག་ཙམ་ཡང་བྱེད་ཐུབ་མེད།
བོད་རིགས་ཚོགས་པས་མི་མང་ལ་གཏམ་བཤད་ཀྱི་ཚོགས་ཁང་བཀོད་སྒྲིག་དང་། དོན་གཅོད་འབྲེལ་མཐུད་ལས་ཁུངས་ནས་སྲིད་སྐྱོང་གི་མགྲོན་ཁང་དང་མི་སྣར་མཇལ་འཕྲད་བཀོད་སྒྲིག་བྱས་པའི་ངོས་སུའང་སྲིད་སྐྱོང་གི་གནག་མིའི་གནག་སེམས་མངོན་དུ་གྱུར་ཡོད། དཔེར་ན། སྲིད་སྐྱོང་འཚམས་གཟིགས་ཀྱི་ལས་འཆར་ཟླ་བ་སྔོན་མ་ནས་བཟུང་མི་མང་དང་བཅས་པས་ཤེས་རྟོགས་བྱུང་ནའང་། སྲིད་སྐྱོང་གཏམ་བཤད་ཀྱི་ཚོགས་ཁང་སྲིད་སྐྱོང་ཕེབས་ཉིན་གྱི་སྔ་ཉིན་རང་ལ་ཁྱབ་བསྒྲགས་བསྐྱངས་ཡོད་པ་དང་དེའང་ཚོགས་ཁང་ཐེབས་ཆག་ཅིག་སྟེ་ནམ་རྒྱུན་བོད་རིགས་ཚོགས་པས་ལོ་སར་གཏོང་སའི་ཚོགས་ཁང་ལས་ཀྱང་སྐྱོ་བ་ཡོད། འབྲེལ་མཐུད་ལས་ཁང་གིས་ཀྱང་སྲིད་སྐྱོང་གི་མགྲོན་ཁང་ས་འདིའི་ས་ཁུལ་སྡུག་ཤོས་ཀྱི་ས་གནས་༩༣ ནང་དུ་བཀོད་སྒྲིག་བྱས་ཡོད་པར་མ་ཟད། སྲིད་སྐྱོང་གི་མགྲོན་ཁང་ནི། ནང་དུ་བརྙན་འཕྲིན་གྱི་མཐུན་རྐྱེན་ཙམ་ཡང་མེད་པའི་ཡུ་སྒོར་བརྒྱ་ཅན་གྱི་མགྲོན་ཁང་གི་རིགས་ཤིག་རེད། དེའང་ས་གནས་འབྲེལ་མཐུད་ལས་ཁང་གི་དྲུང་ཡིག་འཆི་མེད་རྒས་མེད་འཇིགས་མེད་ལགས་ཀྱིས་གོང་སླ་བྱས་ནས་གླས་རབས་ཐོས་མོད། སྒོར་མོ་བརྒྱ་ལས་ཀྱང་སླ་བོར་སོང་ཡོད་ན་ལྔ་བརྒྱ་མིན་པར་ལྔ་བཅུ་ཡིན་འོས་མོད་དེ་དག་ལ་འགྲེལ་བཤད་བྱེད་མི་འདོད།
སྲིད་སྐྱོང་གིས་ཀྱང་མགྲོན་ཁང་འདིར་བརྙན་འཕྲིན་མེད་པས་ངས་དེ་རིང་གི་གསར་འགྱུར་ལ་ལྟ་མ་ཐུབ་ཅེས་ཡང་ཡང་ཁ་ནས་ཤོར་ཡོད་ནའང་། བཀོད་སྒྲིག་པ་ཚོས་སྲིད་སྐྱོང་གི་འཚམས་གཟིགས་མགོ་བཀྲ་ཤིས་པ་དང་མཇུག་དོན་གྲུབ་པས་བསྡུས་ཡོད་ཅེས་ཕན་ཚུན་ལ་ཁ་བཏགས་འཐེན་རེས་བྱས་ཡོད། བསྟོད་བསྔགས་གཏོང་རེས་ཀྱིས་ཉི་མ་སྐྱེལ་གྱིན་འདུག
སྲིད་སྐྱོང་སྔ་ཕྱི་གཉིས་ས་འདིར་ཕེབས་པའི་དགོས་དམིགས་གཙོ་བོ། གཞུང་འབྲེལ་མི་སྣར་མཇལ་འཕྲད། གསར་འགོད་བརྒྱུད་ལམ་གྱི་བཅར་འདྲི་དང་ལེན། ས་གནས་མི་མང་ལ་གཏམ་བཤད་སོགས་ཀྱི་ལས་རིམ་གཉིས་ཀས་ལེགས་པར་བསྐྱངས་ཡོད་ལ། བརྗོད་གཞིའང་འདྲ་བོ་ཞིག་འགྲེལ་བཤད་བྱས་ཡོད། གཉིས་ཀས་བོད་ནི་གནའ་སྔ་མོ་ནས་རང་བཙན་གྱི་རྒྱལ་ཁབ་ཅིག་དང་རྒྱ་ནག་གི་ཆ་ཤས་མིན་པའི་འགྲེལ་བཤད་ཤུགས་ཆེན་དང་མཉམ་དུ་དབུ་མའི་ལམ་གླེང་སློང་བྱས་ཡོད་པས། བརྗོད་གཞིའང་འདྲ་བོ་ཞིག་འགྲེལ་བཤད་བྱས་ཡོད། ཡིན་ནའང་། ཁོང་གཉིས་ཀྱི་ཞེན་མི་ཚོ་དང་གནག་མི་ཚོས་ཁོག་སྡུག་སྲུང་རེས་དང་དགའ་སྡུག་སྟོན་རེས་ཀྱི་རྣམ་པ་དེས་ས་གནས་འདི་ཟིང་ཟིང་བྱས་པའམ་ཁོང་གཉིས་ལ་མཛད་དཀའ་སྤྲད་པའི་ཟུར་ཡང་མངོན་གསལ་ཅན་རེད།
བཀླགས་གྲངས། 1120

