Back To Top

དྲན་སྐུལ་གསལ་བསྒྲགས།

    ༄། །བཙོ་སྦྱངས་གསེར་གྱི་གཞུ་མོ་སྟོབས་ཀྱིས་བཀུགས་ཏེ། དྲུག་དཀར་གཡུ་ལོའི་མདའ་མོ་རྩལ་གྱིས་འཕེན་པའི་ཧྥ་ཇག་ཡི་གེ་བ་རྣམ་པར་ཆེད་ཞུ།
 

   སྤྱི་ལོ་ ༢༠༢༤ ལོའི་ཟླ་ ༠༢ ཚེས་ ༢༡ ཉིན་ནི། བཙན་བྱོལ་བོད་མིའི་ཁྲོད་གཙོ་གཉེར་བྱས་པའི་བོད་ཡིག་ཟིན་བྲིས་རྐྱང་པའི་དྲ་བ་ཐོག་མ། ཧྥ་ཇག་ཟིན་བྲིས་སྒོ་འབྱེད་བྱས་ཏེ་ལོ་གཅིག་འཁོར་བའི་ཉིན་མོ་ཡིན། ཉིན་འདི་ནི་ཡི་གེ་བ་ཁྱེད་ཧྥ་ཇག་དྲ་བར་གདན་ཞུ་བྱས་ནས་ལོ་གཅིག་འཁོར་བའི་ཉིན་མོའང་ཡིན། ལོ་གཅིག་གི་རིང་སྐུ་ཉིད་ཀྱིས་གསེར་སྦྱངས་བཙོ་མ་ལྟ་བུའི་རྩོམ་ཡིག་གི་ལེགས་སྐྱེས་རིམ་པར་བསྩལ་བ་ལ། བཅོས་མིན་སེམས་ཀྱི་གཏིང་ནས་ཡི་རངས་དང་བཀའ་དྲིན་ཆེ་ཞུ་གིན་ཡོད། 

མི་རིགས་འཇིག་ལ་ཕྱོགས་ཤིང་སྐད་ཡིག་འགག་ལ་ཉེ་བའི་སྐབས་འདིར། སྐུ་ཉིད་ཀྱིས་བཙན་བྱོལ་གྱི་ལོ་ཟླ་སྐྱུར་མོར་གདོང་གཏད་ཅིང་། དོན་ཆེ་བཞག་ཆུང་སྐྱུར་གྱིས་གསེར་གྱི་ཀ་ཁ་ག་ངའི་སྡེབ་སྦྱོར་ལས་རང་གི་མི་རིགས་ཀྱི་དུས་གསུམ་གླེང་ཞིང་། རིག་གནས་ཀྱི་ཟབ་སར་འཛུལ་བ་ནི། དལ་འབྱོར་དོན་ཡོད་བྱས་པའི་བདེན་པ་དང་། བཙོ་སྦྱངས་གསེར་གྱི་གཞུ་མོ་སྟོབས་ཀྱིས་བཀུགས་ཏེ། དྲུག་དཀར་གཡུ་ལོའི་མདའ་མོ་རྩལ་ཀྱིས་འཕེན་ལུགས་འཁྲུལ་མེད་ལགས་ན། སྐུ་ཉིད་སྤོབས་པ་ཆེན་པོའོ་ཞེས་བཀུར་བར་འདོད་དོ། །
   ལས་བྲེལ་གྱི་གནོན་ཤུགས་དང་འཁོར་བའི་ཟོ་ཆུན་བར་མེད་དང་དབང་མེད་དུ་འཁོར་བའི་གདུག་རྩུབ་ཀྱིས་གསེར་གྱི་མཛུབ་མོ་རྐྱོང་ལོང་མ་བྱུང་། གཡུ་ཡི་རྣམ་ཤེས་དགུག་ཁོམ་མེད་པར་ལོ་རྒན་གཅིག་ཟད་ལ་ཉེ་བའི་སྨྱུག་གྲོགས་ཡི་གེ་བ་རྣམ་པར་ནན་གྱིས་དྲན་པ་སྐུལ་བ་ལ། སྤྱི་ཟླ་ ༠༢ ཚེས་ ༢༡ མ་འགྱང་བར་ཟིན་བྲིས་གཅིག་རེ་སྤེལ་བའི་རེ་བ་ཞུ། གལ་སྲིད་ལོ་རྒན་གཅིག་རིང་ཟིན་བྲིས་གཅིག་ཀྱང་སྤེལ་ཁོམ་མ་བྱུང་བའི་ཡི་གེ་བ་རྣམས་ཀྱི་ས་མིག་ཕྱིར་བསྡུ་བྱེད་རྒྱུ་ཡིན། ཡིན་ནའང་། སྐུ་ཉིད་ལ་རྩོམ་ཡིག་འབྲི་འདུན་གྱི་སྤོབས་པ་དང་དུས་ཚོད་ནམ་བྱུང་ན་ང་ཚོར་འབྲེལ་དང་། ཧྥ་ཇག་ཡི་གེ་བའི་སྡིངས་ཆ་ནམ་ཡང་ཡི་གེ་བར་དབང་བ་ཡིན།

ཧྥ་ཇག་དྲ་བའི་རྩོམ་སྒྲིག་པས།
སྤྱི་ལོ་ ༢༠༢༤ ལོའི་ཟླ་ ༠༡ ཚེས་ ༢༡ ཉིན།

བཀླགས་གྲངས། 717

2024-01-25 རྡོ་གོར་མོ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།