"བདེན་ལུང་བ་གཉི་གའི་ཕུ་ཐག་རིང། རྫུན་ཨ་བྲ་གཉི་གའི་མཇུག་མ་ཐུང་།" འདི་ནི་བོད་སྲིད་པ་རྒད་པོའི་ཉམས་མྱོང་གི་སྡོམ་ཚིག་ཚད་མ་ཞིག་སྟེ། བདེན་རྫུན་ཡུན་གྱིས་བདར་ན་རྫུན་མཇུག་མི་འཁྱོངས་པར་བདེན་པའི་མཐའ་གསལ་ཐུབ་པའི་དོན་ཡིན། དེ་ལྟར་ཡིན་ཡང་ངེས་ཏེ། རྒྱ་ནག་དམར་པོའི་གཞུང་གིས་བོད་ལ་བཙན་འཛུལ་དབང་སྒྱུར་བྱས་ནས་མི་ལོ་བདུན་ཅུ་ལྷག་སོང་བ་འདིའི་རིང་ལ། བོད་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཚུལ་གྱི་ལོ་རྒྱུས་རྫུན་བཟོ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ཚུལ་དང་། བོད་ལ་རང་དབང་རང་སྐྱོང་གི་ཐོབ་ཐང་ཡོད་ཚུལ་སོགས་ཀྱི་རྫུན་གཏམ་ཆེན་པོ་ཅི་ཙམ་གྱིས་བསྒྲགས་ན་ཡང་། ད་དུང་ཡང་བདེན་དོན་དུར་དུ་སྦེད་ཐུབ་མེད་པར་མ་ཟད། བོད་ནི་གནའ་སྔ་མོ་ནས་རང་བཙན་རང་བདག་གི་རྒྱལ་ཁབ་ཅིག་ཡིན་པའི་སྒྲུབ་བྱེད་དང། རྒྱ་དམར་གྱིས་བོད་ལ་དྲག་པོས་དབང་སྒྱུར་ཇི་ལྟར་བྱས་པའི་ཚུལ་དང་བོད་ཀྱི་སྣོད་བཅུད་གཉིས་ལ་གཏོར་བརླག་ཚབས་ཆེན་ཇི་ལྟར་བྱས་དང་བྱེད་བཞིན་པའི་དངོས་དོན་གྱི་བྱུང་བ་དང་འཚེ་མེད་ཞི་རྒོལ་གྱི་བདེན་པའི་འབོད་སྒྲ་ཆེན་པོ་དེ་འཛམ་གླིང་ལ་འབྲུག་སྒྲ་བཞིན་ལྡིར་བཞིན་པ་འདིའོ།།
"གསུམ་བཅུའི་དུས་དྲན" ནི་བོད་དོན་བདེན་པ་བདར་ཐབས་གཙོ་བོ་ཞིག་ཆགས་ཡོད་དེ། ང་དགུ་ལོའི་དོན་རྐྱེན་ཙམ་མ་ཡིན་པར་དེའི་སྔོན་གྱི་ལོ་ངོ་དགུ་དང་། ང་དགུའི་རྗེས་ནས་ད་ལྟའི་བར་གྱི་བོད་གངས་ཅན་པ་ཡོངས་ལ་ཆག་འཇིག་ཅི་བྱུང་དང་ཇི་ལྟར་བྱུང་ཚུལ་། དེའི་གནོད་སྐྱོན་དང་བཅས་པ་ལོ་རེའི་གསུམ་བཅུའི་དུས་དྲན་གྱི"གསུང་འཕྲིན" དང་གསུང་བཤད་སོགས་ལས་གསལ་བསྒྲགས་བྱས་དང་བྱེད་མུས་ཡིན། མདོར་བསྡུས་ན། རྒྱ་དམར་བཙན་རྒྱལ་བས་ཞི་དྲག་གཉིས་ཀྱི་སྒོ་ནས་བོད་ནི་རྒྱ་མིའི་མི་སེར་སྤེལ་ཡུལ་ཞིག་ཏུ་བསྒྱུར་ཟིན་ལ། བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་བྱེད་མི་ནུས་པའི་བོད་མ་རྒྱ་ཞིག་ཏུ་བསྒྱུར་ཅིང་འགྱུར་བཞིན་པའི་གནས་བབ་ཅིག་ཆགས་ཡོད། དེ་བས་ང་ཚོས"གསུམ་བཅུའི་དུས་དྲན"ནི་བོད་ཀྱི་འདས་མ་ད་གསུམ་གྱི་བདེ་སྡུག་མཚོན་ཐབས་ཤིག་ལ་ངོས་འཛིན་གྱིས་ལོ་རྒྱུས་ཀྱི་སྐྱོ་གར་ལ་དྲན་གསོ་དང་ད་ལྟའི་གནས་བབ་གསལ་རྟོགས། འབྱུང་འགྱུར་གྱི་ཁ་ཕྱོགས་འཚོལ་ཐབས་བཅས་ལ་བསམ་གཞིགས་བྱེད་ཐུབ་དགོས།
"གསུམ་བཅུའི་དུས་དྲན་"ནི། ང་ཚོའི་ལོ་གཅིག་གི་བདེན་དོན་ཞི་རྒོལ་་གྱི་འདུ་འཛོམས་ཆེ་ཤོས་ཐེངས་གཅིག་པོ་ཡིན་ན་ཡང། ཐེངས་རེ་རེས་ཀྱང་རང་གཞན་གཉིས་ལ་དྲན་སྐུལ་མི་དམན་པ་རེ་ཐེབས་ཀྱིན་ཡོད། ལྷག་པར་དུ་ད་ལྟའི་ཆར་རྒྱལ་ཁབ་ཆེ་ཆུང་དུ་མའི་ས་གནས་ཆིག་སྟོང་ལྷག་ཅིག་གི་ནང་ལ། ཉིན་གཅིག་དུས་གཅིག་ལ་ཞི་རྒོལ་བདེན་སྒྲོག་བྱེད་ཀྱིན་ཡོད་པས་གཞི་རྒྱ་ཇེ་ཆེར་སོང་ཡོད་ལ། བཀའ་སྤྱི་གཉིས་ཀྱི་གསུམ་བཅུའི་གསུང་བཤད་སྔོན་བསྒྲགས་ཐོག་ནས། ཐབས་ལམ་དང་རྣམ་པ་མི་འདྲ་བའི་ལས་འགུལ་ཅི་རིགས་སྤེལ་བཞིན་ཡོད་པས་གཅིག་གྱུར་རང་བཞིན་དང་ཆིག་སྒྲིལ་གྱི་ནུས་པ་ཆེན་པོ་ཡང་ཐོན་གྱིན་ཡོད། དེ་ལྟར"གསུམ་བཅུའི་དུས་དྲན"ནི། རྒྱལ་སྤྱིའི་རང་བཞིན་གྱི་ཞི་རྒོལ་ཆེན་པོ་ཞིག་ཏུ་གྱུར་ཡོད་པས། ང་ཚོས་སྤོབས་པ་ཆེར་སྐྱེད་དང་ཐབས་ཤེས་ཡོད་དགུ་རྩལ་དུ་བཏོན་ནས། མུ་མཐུད་དུ་ལས་འགུལ་གང་མང་སྤེལ་རྒྱུར་འབད་བརྩོན་བྱས་ན། གཞིས་བཞུགས་རྒྱ་ཆེའི་བོད་མི་དམངས་ཀྱི་རེ་ལྟོས་དང་ཡིད་ཆེས་ཇེ་བརྟན་དུ་འགྲོ་བ་དང། རྒྱལ་སྤྱིའི་མཐུན་གྲོགས་ཀྱི་རྒྱབ་སྐྱོར་ཇེ་མང་དུ་སོང་ནས། ནམ་ཞིག་ལ་བོད་དོན་བདེན་མཐའ་ངེས་པར་གསལ་ངེས།
ང་ཚོ་ལ་སྤྱི་ནོར་ཡིད་བཞིན་ནོར་བུའམ་གངས་ཅན་མགོན་པོ་ཞུ་བའི་གཞིས་བྱེས་བོད་མི་ཡོངས་ཀྱི་སེམས་འདུན་བཅོལ་སའི་སྐྱབས་གནས་གཅིག་ཡོད་ལ། བོད་ཡིག་ཅེས་པའི་སྐད་ཡིག་རིན་པོ་ཆེ་ཞིག་དང། བོད་གངས་ཅན་པ་ཞེས་པའི་མི་རིགས་གཅིག་གི་འདུ་ཤེས་ཡོད་པའི་གནས་སྟངས་གཅིག་པའི་སྐྱབས་བཅོལ་བ་ཞིག་ཡིན་ན། ཉི་མ་རེ་རེ་བཞིན་དུ་བོད་དོན་དྲན་དགོས། སྤྱི་དོན་བསམ་དགོས། རང་ནུས་འདོན་དགོས། ལྷག་པར་དུ་བདེན་པ་བདར་བའི་འཐབ་རྩོད་འདིའི་ཁྲོད་དུ་བོད་ཀྱི་སྙུག་ཐོགས་པ་རྣམས་ནི། "ཇག་ལ་ཇག་ལན"སློག་མཁན་གྱི་བདེན་པའི་དཔུང་སྟོབས་ཆེ་ཤོས་དེ་ཡིན། དཔེར་ན། <<ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་>> དང་ <<ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ>> ནི་རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱིས་མཛད་པའི་རྒྱ་དམར་གཞུང་གི་བྱས་ཉེས་ཐེར་འདོན་དང་འབྲེལ་བའི་དཀར་ནག་དབྱེ་འབྱེད་ཀྱི་བདེན་དོན་གསལ་བའི་རྡོ་རིང་ཆེན་པོ་གཉིས་ཡིན་ལ། དེ་བཞིན་དུ་བོད་མི་རྒན་རབས་པ་དུ་མའི་རང་མྱོང་མི་ཚེའི་ལོ་རྒྱུས་སོགས་ཁྲག་དང་མིག་ཆུས་བྲིས་པའི་རྩོམ་ཡིག་དེ་དག་ནི་བདེན་པའི་འཐབ་རྩོད་འདིའི་དཔང་ཡིག་དང་སྟོབས་ཤུགས་ཤིག་ཀྱང་ཡིན།
མདོར་ན། བདེན་དོན་ལ་སྐྱབས་བཅོལ་བ་ནི་རྫུན་གྱིས་མི་སོད་པའི་ཚེ་སྲོག་བརྟན་པོ་དེ་ཡིན་ལ། ཡོད་ཚད་རྫུན་གྱིས་བསླུ་བ་ནི་རང་སྲོག་རང་གིས་གཅོད་བྱེད་ཀྱི་བཟི་དུག་འཐུང་བ་དེ་ཡིན་པས། བདག་གིས་རྫུན་གྱི་མཁར་རྫོང་ལ་སྐྱབས་བཅོལ་བའི་རྒྱ་དམར་གཞུང་དེ་འཆི་ལམ་ལ་ཇེ་ཉེ་ཡིན་པ་ཚོར་གྱིན་འདུག བདེན་དོན་རྣམ་པར་རྒྱལ་གྱུར་ཅིག།
བཀླགས་གྲངས། 884