བོད་ཀྱི་རྩིས་སྲོལ་ལྟར་ན། ལོ་རྒན་དྲུག་ཅུ་རེ་ལ་རབ་བྱུང་རེར་འབོད་ཅིང་། དེ་ནི་དེང་སྐབས་ལོ་འཁོར་བརྒྱ་རེ་ལ་དུས་རབས་གཅིག་ཏུ་འབོད་པ་ལྟར་ཡིན། ད་ལོ་ནི་ཧྥ་རན་སི་དང་རྒྱ་ནག་གཉིས་དབར་གཞུང་འབྲེལ་གྱི་ཕྱི་འབྲེལ་ལམ་བཙུགས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་ལོ་ཡིན། བོད་རྩིས་ལྟར་ན་ཏག་ཏག་རབ་བྱུང་གཅིག་འཁོར་ཡོད།
ཕྱི་ལོ་ ༡༩༦༤ ལོར་རྒྱལ་ཁབ་འདི་གཉིས་དབར་ཕྱི་འབྲེལ་འཛུགས་སྐབས། ཧྥ་རན་སི་ནི་ནུབ་ཕྱོགས་རྒྱལ་ཁབ་རྣམས་ཀྱི་ནང་ནས་རྒྱ་ནག་དང་འབྲེལ་ལམ་འཛུགས་མཁན་ཐོག་མར་གྱུར་ཡོད། ད་ལོའི་དྲུག་ཅུའི་དུས་དྲན་སྲུང་གཙིའི་སྐབས། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་གྱིས་ ‘‘གཙོ་འཛིན་མའོ་ཙེ་ཏུང་དང་དམག་སྤྱི་ཆེན་མོ་གྷོལ་གཉིས་ཀྱི་རྨད་དུ་བྱུང་བའི་བློ་གྲོས་དང་སྙིང་སྟོབས་ཀྱིས་ཧྥ་རྒྱའི་དབར་མཛའ་གྲོགས་ཀྱི་ཟམ་ཆེན་བསྐྲུན་ཅིང་། རྒྱ་ནག་དང་ནུབ་ཕྱོགས་རྒྱལ་ཁབ་དབར་མཉམ་ལས་ཀྱི་སྒོ་ཆེན་ཕྱེས། གྲང་དམག་དུས་སྐབས་ཀྱི་འཛམ་གླིང་ལ་རེ་བ་གསར་པ་ཞིག་བསྐྲུན་ཡོད་’’ཚུལ་བཤད་ཅིང་། ཧྥ་རན་སིའི་སྲིད་འཛིན་མཱ་ཁུ་རོང་གིས་ ‘‘རྒྱལ་ཁབ་གཉིས་ཀྱི་འབད་བརྩོན་བརྒྱུད་ནས་གོ་ལ་ཧྲིལ་བོའི་གནད་དོན་ཐག་གཅོད་ཀྱི་ཐབས་ལམ་འཚོལ་དགོས་ཤིང་། དམིགས་བསལ་མཁའ་དབུགས་འགྱུར་ལྡོག་དང་སྣ་མང་སྐྱེ་དངོས་སྲོག་ཆགས་ཀྱི་ཤི་བརླག འབྲུ་རིགས་བདེ་འཇགས་དང་འཕེལ་རྒྱས་སོགས་ཀྱི་ཐད་ལ་འབད་བརྩོན་བྱ་དགོས་’’ཚུལ་བཤད། ད་དུང་མཱ་ཁུ་རོང་གིས་འབྲེལ་ལམ་བཙུགས་ནས་ལོ་ངོ་དྲུག་ཅུའི་རྗེས་སུ། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་དང་སྣ་མང་བོ་ནས་གྲོགས་འབྲེལ་གྱི་ཐབས་ལམ་བཙལ་ནས། རྒྱལ་སྤྱིའི་ཞི་བདེ་དང་བརྟན་བརླིང་ལ་ལེགས་སྐྱེས་འབུལ་དགོས་ཟེར་ཞིང་། ཞི་ཅིན་ཕིན་གྱིས་ཧྥ་རྒྱ་གཉིས་ཀྱི་དམིགས་བསལ་ཐུན་མིན་གྱི་འབྲེལ་ལམ་གྱི་ལོ་རྒྱུས་དེས། ཐུན་མིན་ཁྱད་ཆོས་ལྡན་པའི་‘ཧྥ་རྒྱའི་སྙིང་སྟོབས་’དེ་གསར་བཞེངས་བྱས་ཡོད་ཟེར།
ཧྥ་རྒྱ་གཉིས་ཀྱི་དབར་གཞུང་ཚབ་རིམ་པའི་ཕྱི་འབྲེལ་གཙུགས་ནས་བདུན་ཕྲག་གཅིག་ཀྱང་མ་འགོར་བའི་ཉིན་ཏེ། ཕྱི་ལོ་ ༡༩༦༤ ལོའི་ཟླ་ ༡ ཚེས་ ༣༡ ཉིན། ཧྥ་རན་སིའི་སྤྱི་མཐུན་ལྔ་བའི་སྲིད་འཛིན་དང་བོ་ཤག་དྷི་གྷོལ་(Charles De Gaulle)གྱིས་གསར་འགོད་གསལ་བསྒྲགས་སྤེལ་ནས་རྒྱ་ནག་དང་ཕྱི་འབྲེལ་འཛུགས་དོན་འགྲེལ་བརྗོད་བྱས། ཁོས་མི་རིགས། ལོ་རྒྱུས། ས་བབ་ཆབ་སྲིད་སོགས་ཕྱོགས་གང་ཅི་ཐད་ནས་དབྱེ་ཞིབ་དང་འབྲེལ་རྒྱ་ནག་དང་ཕྱི་འབྲེལ་འཛུགས་དགོས་པའི་རྒྱུ་མཚན་འབྲེལ་བརྗོད་བྱས་རྗེས། རྒྱ་ནག་དང་འབྲེལ་ལམ་འཛུགས་པ་ནི་ཧྥ་རན་སིས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་ཁས་ལེན་བྱས་པ་མིན་པར། ཁོ་དང་འདྲ་བའི་ཆབ་སྲིད་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་ཁག་དང་འབྲེལ་ལམ་བཙུགས་པ་ལྟར། འཛམ་གླིང་གི་དངོས་ཡོད་གནས་བབ་ལ་ངོས་ལེན་བྱས་པ་ཡིན་ཚུལ་དང་། རྒྱ་ནག་ནི་ཧ་ཅང་གི་རླབས་ཆེ་བའི་མི་རིགས་ཤིག་དང་། གོ་ལ་རིལ་བོའི་སྒང་གི་མི་གྲངས་ཆེས་མང་ཤོས་ཀྱི་མི་རིགས་ཤིག ལོ་ངོ་སྟོང་ཕྲག་མང་བོའི་རིང་ལ། མི་རིགས་འདིའི་ནང་གི་མི་སྒེར་གྱི་བཟོད་བསྲན། འབད་བརྩོན་དང་སྙིང་རུས་བཅས་ཀྱིས་ཐུན་མོང་མཉམ་གནས་ཀྱི་ཐབས་ལམ་དང་གོང་བུ་གཅིག་གྱུར་གྱི་སྟོང་ཆའི་དཀའ་སྡུག་དེ་ཁ་གསེབ་བྱས་ཤིང་། ཧ་ཅང་གཏིང་མཐའ་ཟབ་ཅིང་ཐུན་མོང་མ་ཡིན་པའི་དཔལ་ཡོན་གསར་བསྐྲུན་བྱས་ཡོད་ཚུལ་བརྗོད། དེ་བཞིན་ཁོས་རྒྱ་ནག་གི་རྒྱལ་ཁོངས་མངལ་ཁུལ་དང་དེའི་ས་འབྲེལ་གནས་བབ། རྒྱ་མི་རིགས་ཀྱི་ཐོག་མཐའ་བར་གསུམ་དུ་རང་ཉིད་རང་བཙན་གྱི་རང་ཚུགས་སོགས་ཀྱི་སྐོར་ཡང་བརྗོད་ཡོད། འོན་ཀྱང་། སྲིད་འཛིན་གྷོལ་གྱིས་རྒྱ་ནག་གི་ཆེ་བ་བརྗོད་ནས་ཕྱི་འབྲེལ་འཛུགས་སྐབས་དེ་ནི། རྒྱ་ནག་ལ་མཚོན་ན་མའོ་ཙེ་ཏུང་གིས་སྣེ་ཁྲིད་པའི་ « མཆོང་བསྐྱོད་ཆེན་མོའི་ » (Grand Bond en Avant)ལས་འགུལ་ཁྲོད། མི་མང་ཁྲི་ཆིག་སྟོང་ལྔ་བརྒྱ་ནས་ལྔ་སྟོང་ལྔ་བརྒྱ་ལྷག་ « བཀྲས་ལྟོགས་ཆེན་མོའི་ » (Grande Famine Chiniose)དུས་ཡུན་ནང་དུས་མིན་རྐྱེན་འདས་སུ་སོང་བའི་ཡ་ང་བའི་ལོ་ཟླ་དེ་མཇུག་བསྒྲིལ་ནས་ལོ་གསུམ་ཙམ་གྱི་རྗེས་ཡིན་ཞིང་། དེ་ནས་ལོ་གཉིས་མ་འགོར་བར་རིག་གནས་གསར་བརྗེ་ཆེན་མོའི་ (Révolution Culturelle) ལས་འགུལ་བསླངས། དོན་དངོས་སུ་ཧྥ་རྒྱ་གཉིས་དབར་གྱི་ཕྱི་འབྲེལ་དེ་ཕྱི་ལོ་ ༡༩༧༨ དེ། ལོ་བཅུའི་རིག་གནས་གསར་བརྗེ་ཆེན་མོའི་ཆག་འཇིག་གི་ལོ་ཟླ་དེ་མཇུག་བསྒྲིལ་ནས་ལོ་གཉིས་ཀྱི་རྗེས་སུ་མ་གཏོགས་འཁོར་སྐྱོད་བྱེད་ཐུབ་མེད།
« ཨར་རྗི་རི་ཡའི་དམག་འཁྲུག » (Guerre d’Algérie 1954–1962) འདི་ལ་ཨར་རྗི་རི་ཡའི་གསར་བརྗེའི་དམག་འཁྲུག་དང་། གཞན་ཨར་རྗི་རི་ཡའི་རང་བཙན་འཐབ་རྩོད་ཀྱི་དམག་འཁྲུག་ཏུ་ཡང་འབོད། དམག་འཁྲུག་འདིའི་ཁྲོད། ཧྥ་རན་སིའི་དམག་དཔུང་གིས་དམར་གསོད་དང་སྡེབ་གསོད་སོགས་མིའི་བསམ་སྤྱོད་ལས་འདས་པའི་དྲག་གནོན་བྱས་ཀྱང་། ཨར་རྗི་རི་ཡའི་མི་མང་དང་དམག་དཔུང་ཕམ་པར་བརྒྱག་མ་ཐུབ་པ་མ་ཟད། ཧྥ་རན་སའི་རྒྱལ་ནང་དུའང་དམག་འཁྲུག་དེར་ངོ་རྒལ་གྱི་ལས་འགུལ་འཕྱུར། ཧྥ་རན་སིའི་མི་སྤྱོད་ལས་འདས་པའི་བྱ་སྤྱོད་དེས་ཁོའི་རྒྱལ་སྤྱིའི་སྟེང་གི་ཆེ་མཐོང་བརླགས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་སུ་ཨར་རྗི་རི་ཡའི་གནད་དོན་གླེང་སློང་དང་རང་བཙན་འོས་འཕེན་སྐབས། ཨ་རི་གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ཀྱང་རྒྱབ་སྐྱོར་བ་ལས་རིམ་བཞིན་བར་གནས་རྒྱལ་ཁབ་ཏུ་གྱུར། ཨར་རྗི་རི་ཡའི་དམག་འཁྲུག་མཇུག་བསྒྲིལ་ནས་ལོ་གཉིས་ཀྱི་རྗེས་སུ། ཧྥ་རན་སིས་རྒྱལ་སྤྱིའི་སྟེང་རང་ཉིད་ཀྱི་ཆེ་མཐོང་སླར་གསོ་དང་། རྒྱལ་སྤྱིའི་སྟེང་རང་གི་ཤུགས་རྐྱེན་དང་ལངས་ཕྱོགས་གསར་པ་མངོན་ཆེད་ཕྱི་འབྲེལ་གྱི་ཁ་ཕྱོགས་བསྒྱུར་མགོ་བཙུགས། ཁོས་བྱང་ཆིངས་སྒྲིག་འཛུགས་དང་ཁ་ཐག་རིང་དུ་གཏོང་མགོ་བཙུགས་ཤིང་། ཕྱི་ལོ་༡༩༦༦ ལོར་དངོས་སུ་ཨ་རིས་སྣེ་འཁྲིད་པའི་སྒྲིག་འཛུགས་འདི་ལས་ཕྱིར་འཐེན་བྱས་པ་མ་ཟད། ཨ་རིའི་རྒྱ་དཀར་ནག་གི་སྲིད་ཇུས་ལ་རྒྱང་ཐག་ཇེ་རིང་དུ་བཏང་བ་དང་། མ་ནི་ལའི་ཆིངས་ཡིག་ (SEATO) གི་འབྲུ་དོན་ལྟར་ཝེ་ཐི་ནེམ་ལ་དམག་རོགས་གཏོང་དགོས་པ་ལའང་རྒྱབ་འགལ་བྱས། ཁོའི་ཕྱི་འབྲེལ་གྱི་ཁ་ཕྱོགས་རྒྱ་ནག་ལ་འཁོར་མགོ་བཙུགས། སྐབས་དེའི་རྒྱ་ནག་ནི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སྣང་ཆུང་བྱེད་ཡུལ་དང་། ཕྱི་ལོ་ ༡༩༦༠ ལོ་ནས་ཨུ་རུ་སུ་དང་འགལ་ཟླ་ཇེ་ཆེར་འགྲོ་བཞིན་པའི་སྒང་ཡིན། ཧྥ་རན་སའི་ཕྱི་འབྲེལ་འཛུགས་འདུན་དེར་རྒྱ་ནག་གིས་དགའ་བསུ་དང་མོས་མཐུན་བྱས་ཡོད་ནའང་། ཕྱི་འབྲེལ་འཛུགས་ཕྱོགས་ཀྱི་གྲོས་མོལ་རིམ་པའི་ཁྲོད། རྒྱ་ནག་གིས་དམིགས་བསལ་ཆ་རྐྱེན་ཞིག་བཏོན་པ་ནི། ཧྥ་རན་སིའི་ངོས་ནས་རྒྱ་ནག་ནང་འཁྲུག་ལས་ཕམ་ནས་ཐེ་ཝན་ཏུ་བཅའ་སྡོད་བྱེད་བཞིན་པའི་གོ་མིན་ཏང་སྲིད་གཞུང་དང་འབྲེལ་བ་རྩད་གཅོད་དགོས་པ་དེ་ཡིན། དགོས་འདུན་ཆ་རྐྱེན་འདི་ཕྱིས་སུ་རིམ་བཞིན་‘རྒྱ་ནག་གཅིག་གི་སྲིད་ཇུས་’ཀྱི་ངོ་བོར་གྱུར་ཅིང་། དེང་སྐབས་ཐེ་་ཝན་ཙམ་མིན་པར། བོད་དང་ཡུ་གུར། ཧོང་ཀུང་གི་གནད་དོན་སོགས་ཀྱང་དེའི་ཁོངས་སུ་བསྡུས་ཡོད།
ལོ་ངོ་དྲུག་ཅུ་འདིའི་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགསས་ཀྱི་རྒྱུན་བཞུགས་འཐུས་མི་ཡིན་པའི་རྒྱལ་ཁབ་འདི་གཉིས་ལ་མཚོན་ན། དེང་རྒྱལ་སྤྱིའི་ནང་བྱུང་བཞིན་པའི་ཨ་རྒྱའི་འགྲན་རྩོད་དང་ར་ཤི་་ཡ་དང་ཡུ་ཁུ་རན་གྱི་དམག་འཁྲུག ཨེ་ཟི་རལ་དང་པ་ལི་སི་ཐན་དབར་གྱི་དམག་འཁྲུག ཧིན་དྷི་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཛ་དྲག་གནས་སྟངས། དེ་བཞིན་ཨ་ཧྥུ་རི་ཀའི་ནང་ཉིན་ལྟར་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱ་ནག་གི་ཤུགས་རྐྱེན་སོགས། དེང་རྒྱལ་སྤྱིའི་འབྲེལ་ལམ་གྱི་གནད་འགག་ཚང་མའི་སྐབས་སུ། ཧྥ་རན་སི་ལས་རྒྱ་ནག་གིས་འབུར་དུ་ཐོན་པའི་གལ་ཆེའི་གོ་བབ་དེ་བཟུང་ཡོད། དཔལ་འབྱོར་གྱི་ཆ་ནས། རྒྱལ་ཁབ་གཉིས་དབར་ལ་ཐོག་མའི་འབྲེལ་ལམ་འཛུགས་སྐབས། ཡུ་རོབ་ནུབ་མ་ནི་ཁོང་ཚོའི་སྤོབས་པ་མཚོན་བྱེད་ཀྱི་སུམ་ཅུའི་གཟི་བརྗིད་ (Trente Glorieuses) ཀྱི་དུས་རབས་ལ་འཁེལ་ཡོད་ཅིང་། རྒྱ་ནག་སྐབས་དེའི་ མཆོང་བསྐྱོད་ཆེན་མོའི་ལས་འགུལ་གྱི་བཀྲེས་ལྟོགས་ཆེན་མོ་ལས་ཐར་ཙམ་དང་། ཅུང་མ་འགོར་བར་རིག་གནས་གསར་བརྗེ་ཆེན་མོའི་ལས་འགུལ་བསླངས་བ་དེས། སྐབས་དེའི་ཧྥ་རྒྱ་གཉིས་ཀྱི་དཔལ་འབྱོར་ལ་གནམ་ས་ལྟ་བུའི་ཁྱད་པར་ཤོར་ཡོད། འོན་ཀྱང་། ཕྱི་ལོ་ ༡༩༧༨ ལོར་རྒྱ་ནག་གིས་ཕྱི་ཕྱོགས་ལ་སྒོ་འབྱེད་བྱས་ཤིང་། ཕྱི་ལོ་ ༢༠༠༡ ལོར་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ནང་ཞུགས་པ་དེས་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་ལ་ཐོད་བརྒལ་རིམ་པར་བྱུང་བས། ད་ལྟའི་བར་དུ་རྒྱལ་ཁབ་འདི་གཉིས་ཆ་སྙོམས་ཀྱི་ཚད་ཐིག་གཅིག་གི་སྟེང་བབས་མྱོང་མེད། འདས་པའི་ལོ་གསུམ་གྱི་རིང་རྒྱལ་ཁབ་འདི་གཉིས་བར་གྱི་ཚོང་རྫས་ཕྱིར་འཚོང་ནང་འདྲེན་གྱི་སྐབས། ལོ་རེར་ཡུ་སྒོར་དུང་ཕྱུར་༥༠༠ ལྷག་གི་ཁེ་གྱོང་གི་ཁྱད་པར་ཤོར་ཡོད་ཅིང་། ད་ལོ་ཡུ་སྒོར་དུང་ཕྱུར་༦༠༠ ལྷག་གི་ཁྱད་པར་ཤོར་རྒྱུའི་སྔོན་དཔག་བྱེད་ཀྱིན་ཡོད། དེ་བཞིན་ཕྱི་ལོ་ ༢༠༢༢ ལོ་གཅིག་བུ་ལའང་རྒྱ་ནག་དང་ཡུ་རོབ་མཉམ་འབྲེལ་བར་ཡུ་སྒོར་དུང་ཕྱུར་༤༠༠༠ ལྷག་གི་ཁེ་གྱོང་གི་ཁྱད་པར་ཤོར་ཡོད། རྒྱ་ནག་དང་འདི་ལྟའི་ཁེ་ལས་གྱོང་གི་ཁྱད་པར་ཤོར་དོན་གཙོ་བོ་ནི། ཧྥ་རན་སི་དང་ཡུ་རོབ་མཉམ་འབྲེལ་གང་ཡིན་ཡང་། གཙོ་བོ་རིན་ཐང་ལྟ་སྟངས་དང་འདུ་ཤེས་འཛིན་སྟངས་ཀྱི་ངོ་བོ་སྟེ། རྒྱ་ནག་འཛམ་གླིང་ཚོང་དོན་ལྷན་ཚོགས་ནང་ཞུགས་རྗེས། དེའི་ཚོང་དོན་སྒྲིག་གཞི་ལ་གུས་བཀུར་ཞུ་ངེས་པའི་ཡིད་ཆེས་ཀྱི་ཕྱོགས་སུ་ལྷུང་དྲགས་པ་དང་། རང་གི་རྒྱལ་ནང་གི་ཁྲོམ་རྭ་ཁག་ལ་རྒྱ་ནག་གིས་མངོན་གསལ་མིན་པའི་རྒོལ་གཏོར་གཏོང་བཞིན་པར་དུས་ཐོག་སྲུང་སྐྱོབ་མ་ཐུབ་པའམ། རྒྱ་ནག་གི་གསང་བའི་གྲིབ་གཟུགས་དེ་དུས་ཐོག་མ་མཐོང་བས་ཡིན། ཉེ་ཆར་བཏོན་པའི་དཔལ་འབྱོར་སྙན་ཐོའི་ནང་། རྒྱ་ནག་གིས་གཞན་གྱི་ཚོང་རྭར་རྒོལ་གཏོར་གྱི་ནུས་སྟོབས་ཤུགས་ཆེ་རུ་ཕྱིན་ཡོད་ཅིང་། རྒོལ་གཏོར་གྱི་སྡོམ་འབོར་ཚོད་དཔག་ལས་བརྒལ་ཡོད་པ་མ་ཟད། ཕྱིར་ཁ་གཏད་གཅོག་པར་ནུས་པས་ཕུང་བའི་ཚོད་དུ་སླེབས་ཡོད་པར་བཤད།
འདས་པའི་ལོ་དྲུག་ཅུའི་ནང་། རྒྱ་ནག་རྒྱལ་སྤྱིའི་སྡིངས་ཆར་བུད་ནས་རྒྱལ་ཁབ་དང་ཚོགས་སྡེ་ཁག་གི་མཐུན་གྲོགས་ནས་ཁ་གཏད་དང་། དེང་ཉེན་ཁར་བརྩི་བཞིན་པའི་སྐབསས་འདིར། ཧྥ་རན་སའི་ཕྱི་འབྲེལ་གྱི་མཛའ་གྲོགས་འདུ་ཤེས་དེ་མངོན་ལྐོག་མེད་པར་རྒྱ་ནག་གི་ཕྱོགས་སུ་ལངས་ཡོད། ཉེ་སྔོན་བྱང་ཆིངས་སྒྲིག་འཛུགས་ཀྱིས་བཏོན་པའི་བྱང་ཆིངས་༢༠༣༠ ལོའི་འཆར་གཞི་དང་༢༠༢༢ ལོའི་ཐབས་ཇུས་བསམ་གཞིགས་ཞེས་པའི་སྙན་ཐོ་གཉིས་ཀའི་ནང་རྒྱ་ནག་ནི་འགྲན་རྩོད་ཁ་གཏད་དང་བདེ་འཇགས་ཀྱི་ཉེན་ཁར་བརྩིས་ཡོད། ཡུ་རོབ་མཉམ་འབྲེལ་གྱིས་ཕྱི་ལོ་༢༠༢༢ ལོར་བཀྲམས་པའི་ཐབས་ཇུས་ཕྱོགས་སྟོན་འཁོར་ལོ་ཞེས་པའི་སྒྲོམ་གཞིའི་དུམ་ཚན་ནང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་བརྒྱུད་རིམ་རང་བཞིན་གྱི་འགྲན་རྩོད་ཁ་གཏད་ཡིན་ཚུལ་འགྲེལ་བརྗོད་བྱས་ཡོད། དེ་བཞིན་སྟོབས་ཆེན་རྒྱལ་ཁབ་བདུན་(G7) གྱི་ཚོགས་ཆེན་སྟེང་རྒྱལ་ཁབ་ཁག་གི་དབུ་འཁྲིད་ཚོས་མཉམ་རུབ་ཀྱིས་གསལ་བསྒྲགས་སྤེལ་ནས་པེ་ཅིན་ལ་སྐྱོན་བརྗོད་རབས་དང་རིམ་པར་བྱས་ཡོད། ཧྥ་རན་སི་ནི་ཚོགས་སྡེ་འདི་གསུམ་གྱི་ཚོགས་མི་དང་ཚོགས་སྡེ་ཁག་གི་ནང་གལ་ཆེའི་གོ་བབ་བཟུང་ཡོད་ནའང་། རྒྱ་ནག་གི་གནད་དོན་དང་འཕྲད་སྐབས་ཧ་ཅང་གི་འགྲོ་ཤེས་བསྟུན་ཤེས་ཀྱིས་ད་བར་དོན་ཕན་ལྡན་པའི་ཆ་ཤས་བླངས་མྱོང་མེད་པ་མ་ཟད། འདས་ལོར་མ་ཁུ་རོང་གི་རྒྱ་ནག་གི་འཚམ་གཟིགས་གྲུབ་མཚམས། ཁོས་ཐེ་ཝན་གནད་དོན་གྱི་ཐད་ནས་ཡུ་རོབ་མི་མང་ཨ་རིའི་ ‘རྗེས་འཇུག་པ་’མི་བྱེད་པའི་འབོད་སྐུལ་བྱས་ཡོད་ལ། བྱང་ཆིངས་སྒྲིག་འཛུགས་ཀྱིས་འཇར་པན་གྱི་རྒྱལ་ས་ཀྲོཀ་ཁེའོ་(Tokyo) ནས་ཡན་ལག་སྤྱི་ཁྱབ་ལས་ཁུངས་ཤིག་འཛུགས་འཆར་དེར། ཁོས་པེ་ཅིན་གཞུང་ལ་ཕོག་ཐུག་འགྲོ་དོགས་ཀྱིས་མོས་མཐུན་བྱས་མེད།
ཧྥ་རན་སི་དང་ནུབ་ཕྱོགས་མཉམ་འབྲེལ་རྒྱལ་ཁབ་ཁག་ལ་མཚོན་ན་ཐུན་མོང་གི་རིན་ཐང་ལྟ་ཚུལ་གཅིག་ནའང་། ཐུན་མོང་གི་དཔལ་འབྱོར་ཁེ་ཕན་མེད་པ་དང་། ཧྥ་རན་སི་དང་རྒྱ་ནག་གཉིས་ལ་ཐུན་མོང་རིན་ཐང་ལྟ་ཚུལ་མེད་ནའང་། ཐུན་མོང་མཉམ་སྤྱོད་ཀྱི་དཔལ་འབྱོར་ཁེ་ཕན་ཡོད། ཞིང་ལས་ཐོན་དངོས་ནས་རྒྱས་སྤྲོས་དངོས་ཟོག ཆེ་ས་མཁའ་འགྲུལ་དང་གནམ་གྲུ་སོགས་གང་ཡིན་ཡང་། རྒྱ་ནག་ནི་ཧྥ་རན་སའི་ཁྲོམ་རྭ་ཆེ་ཤོས་དེ་ཆགས་ཡོད། འོན་ཀྱང་། མཚམས་ལ་ལར་ཧྥ་རན་སིས་བློ་ཡུལ་འདས་པའི་ ‘འཇབ་རྒོལ་ཕྱི་འབྲེལ་’ གྱི་དམག་འཁྲུག་ཀྱང་རྒྱག་གིན་ཡོད། ཧྥ་རན་སའི་ཐེ་ཝན་གནད་དོན་ཐད་ཀྱི་སེམས་ཁམས་དེ་ལྷིང་འཇགས་མིན་ནའང་། ཕྱི་ལོ་ ༢༠༢༢ ལོར་ཨེ་ཟན་ཕོར་བན་སི་(Aix-en-Provence) རུ་ཐེ་ཝན་དོན་གཅོད་ཁང་གཉིས་པ་དེ་གསར་འཛུགས་བྱེད་དུ་བཅུགས་པ་དང་། ཏིན་ཁར་ཁུག་(Duinkerke) རུ་ཐེ་ཝན་གློག་རྡུལ་གློག་རྫས་ཐོན་རབས་གཉིས་པའི་བཟོ་གྲྭ་ཞིག་གསར་རྒྱག་བྱེད་པར་ཆོག་མཆན་སྤྲད་ཡོད། ཉེ་ལམ་ཧྥ་རན་སིས་ཤི་རི་ལིང་ཁ་དང་བྷང་ལ་དེ་ཞི་གཉིས་ལ་འབྲེལ་ལམ་རྒྱ་བསྐྱེད་ཀྱིས་ཧིན་དྷི་དང་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་གྱི་ཐབས་ཇུས་རྒྱ་བསྐྱེད་བྱས་ཡོད། འདིའི་གོ་དོན་ནི། ཧྥ་རན་སི་རྒྱ་ནག་གི་དཔལ་འབྱོར་བཀག་རྒྱ་ལས་ཐར་བར་གནོན་ཤུགས་མེད་ནའང་། ཐབས་ཇུས་ཁེ་ཕན་དང་དཔལ་འབྱོར་ཁེ་ཕན་བར་གྱི་འགྲན་རྩོད་དེ་མུ་མཐུད་ཛ་དྲག་ཏུ་འགྲོ་བཞིན་པར་བརྟེན། ཧྥ་རན་སིས་རྒྱ་ནག་དང་འབྲེལ་བའི་ཕྱི་སྲིད་ལས་དོན་ཐད་ལ་སེམས་ཆུང་བྱེད་དགོས་ཚུལ་བསྟན་ཡོད་པར་འདོད།
‘‘དམར་ཤོག་རིང་ལུགས་ལམ་ལུགས་ཀྱི་ཐོག་མཐའ་བར་གསུམ་གྱི་སྤྱི་འགྲོས་སྟེ། དོན་ཕན་ལྡན་པའི་གྲུབ་འབྲས་ཤིག་འབྱུང་བར་མི་དམངས་ལ་བཟོད་ལྷག་བྲལ་བའི་དཀའ་སྡུག་འཁྱེར་ཡོང་ཞིང་། མང་ཚོགས་ལ་སྙིང་རྗེ་བྲལ་བའི་གཉའ་གནོན་དང་། རིག་དངོས་རྒྱུ་ནོར་ལ་ཚབས་ཆེའི་གྱོང་གུན་དང་ཆུ་ཟོས། གྲངས་ལས་འདས་པའི་མིའི་རིགས་ཀྱི་རིན་ཐང་ལྟ་ཚུལ་ལ་རྡོག་རོལ་དང་རྩ་གཏོར་གཏོང་གི་ཡོད། འོན་ཀྱང་། བློས་གཏོང་གི་རིན་ཐང་ཆེན་པོ་ཞིག་ཕུལ་རྗེས། མཐའ་མཇུག་གྲུབ་འབྲས་མངོན་ཡོང་ཞིང་། གྲུབ་འབྲས་དང་རྒྱལ་ཁ་དེ་དག་དབང་འཛིན་རིང་ལུགས་ཀྱི་འཕྲུལ་འཁོར་གྱི་འགུལ་བསྐྱོད་ལ་དབང་ཞིང་། དེ་ལས་རྒྱ་ཆེ་ས་ནས་བཤད་ན། སྤོབས་པ་མཐོ་བའི་མི་རིགས་ཤིག་གི་དྲག་ཏུ་འཁོལ་བའི་བརྩེ་སེམས་ལ་དབང་བ་ཡིན།’’ འདི་ནི་སྲིད་འཛིན་ཤག་དྷི་གྷོལ་གྱིས་ཧྥ་རྒྱའི་ཕྱི་འབྲེལ་གསར་འཛུགས་སྐབས་ཀྱི་གསར་འགོད་གསལ་བསྒྲགས་སྐབས་ཀྱི་གསུང་དུམ་ཞིག་ཡིན། འདས་པའི་ལོ་དྲུག་ཅུའི་ནང་། ཧྥ་རྒྱའི་འབྲེལ་བའི་ཁྲོད་རྒྱལ་སྤྱིའི་འབྲེལ་ལམ་དང་དཔལ་འབྱོར་ཁེ་ཕན། མཐུན་ཕྱོགས་ཐབསས་ཇུས། མཁའ་དབུགས་འགྱུར་ལྡོག་སོགས་ཆེ་ས་རྒྱལ་སྤྱིའི་གནད་དོན་དང་། ཆུང་ས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། བོད་དང་ཧོང་ཀུང་། ཡུ་གུར་བཅས་ཀྱི་གནད་དོན་གླེང་སྐབས། ཧྥ་རན་སིས་ཁ་ཙམ་ལས་དོན་འཁྱོལ་གྱི་ལག་ལེན་གང་ཡང་བྱས་མེད་པ་ནི། གོང་གསལ་གྷོལ་གྱི་གསུང་དུམ་དེ་ཧྥ་རྒྱའི་ཕྱི་འབྲེལ་གྱི་རྩ་འཛིན་མན་ངག་ཏུ་བཀུར་བ་ལས་བྱུང་བར་འདོད་དོ།།
བཀླགས་གྲངས། 851