“རྒྱ་ནག་གི་ས་ཁུལ་དུ་དམར་པོས་སྲིད་དབང་བསྒྱུར་བ་ནས་བཟུང་གཞན་སྡེ་དབང་དུ་བསྡུས་པར་ཁྲེལ་གཞུང་ངོ་ཚ་བྲལ་བའི་བསམ་སྦྱོར་དྲག་པོས་སྔར་རྒྱ་ནག་གོང་མ་རིམ་པའི་དུས་སྐབས་སུ་རྒྱ་བོད་མཆོད་ཡོན་ལར་རྒྱའི་འབྲེལ་ལམ་ཆེ་ཆུང་སྣ་ཚོགས་ཤིག་བྱུང་བའི་འབྲེལ་བར་བསྙད་དེ་བོད་རྒྱ་ནག་གི་ཁོངས་གཏོགས་ཡིན་ཚུལ་མི་འདྲ་གྲལ་བསྒྲིགས་ཀྱི་གླེང་མང་ཐོག་༡༩༤༩ ལོ་ནས་བོད་སར་རིམ་འཛུལ་གྱིས་མཐར་༡༩༥༠ བོད་ལྕགས་སྟག་ལོར་ཆབ་མདོར་དྲག་ཤུགས་ཀྱིས་བཙན་འཛུལ་བྱས་ཏེ། ༡༩༥༡ བོད་ལྕགས་ཡོས་ལོར་བཟང་བཙོན་ལྟ་བུའི་དོ་དམ་དུ་གནས་པའི་རང་རེའི་སྐུ་ཚབ་རྣམས་ལ་རྒྱ་དམར་གྱིས་རང་འདོད་ལྟར་བྲིས་པའི་གྲོས་མཐུན་ལ་རང་མིང་བཀོད་དུ་བཅུག་ཅིང༌། རྒྱ་དམར་ཁོ་རང་ཚོས་བཟོས་པའི་རྟགས་ཐེལ་ཞིག་བོད་གཞུང་གི་ཡིན་ཚུལ་དུ་ཕབ་བཅུག” ཅེས་༡༩༦༠ ལོའི་གསུམ་བཅུའི་དུས་དྲན་གྱི་ཡོངས་ཁྱབ་གསུང་འཕྲིན་དུ་བོད་རྒྱའི་གནད་དོན་གྱི་འབྱུང་རྩ་གསལ་བོར་བསྟན་ཡོད།
འོན་ཀྱང་། རྒྱ་དམར་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ། བོད་ནི་ཀྲུང་གོའི་མངའ་ཁོངས་སུ་གཏོགས་ཚུལ་གྱི་ལོ་རྒྱུས་རྫུན་བསྒྲགས་མཚམས་ཆད་མྱོང་མེད། དེ་ཡང་། ༡༩༥༡ལོའི་ཟླ་བ་༥པའི་ཚེས་༢༣ཉིན། པེ་ཅིན་དུ། “ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར་གྱི་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན”ཞེས་པའི་ཁ་བྱང་འོག དོན་ཚན་དང་པོར། “བོད་མི་དམངས་མཐུན་སྒྲིལ་བྱས་ཏེ་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་ཀྱི་བཙན་ཤུགས་བོད་ནས་མཐར་སྐྲོད་གཏོང་དགོས། བོད་མི་དམངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མེས་པོའི་རྒྱལ་ཁབ་ཁྱིམ་ཚང་ཆེན་པོའི་ནང་ལོག་དགོས།” ཞེས་བཀོད་ཅིང་དེ་ཉིད་ཁྲིམས་མཐུན་གྱི་ཆིངས་ཡིག་ཅིག་ཏུ་བསྒྲགས་ཏེ། ཐ་ན་ཉེ་དུས་སུ་ཡང་བོད་རྒྱ་ཞི་མོལ་གྱི་སྔོན་འགྲོའི་ཆ་རྐྱེན་ལ་ཡང་བོད་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པར་ངོས་ལེན་བྱེད་དགོས་པ་ནན་བཤད་བྱས་ཡོད། དེའི་རྒྱུ་མཚན་རྒྱ་དམར་གཞུང་གི་ཁེ་ཕན་གྱི་རྩ་བ་འདིར་ཐུག་ཡོད་པས་ཡིན། བོད་ལ་མཚོན་ན་འདི་ནི་ལོ་རྒྱུས་ཐོག་ནས་ཁས་ལེན་ཐབས་མེད་པའི་གནད་དོན་ཞིག་ཡིན་པར་མ་ཟད་ང་ཚོའི་བདེན་པའི་འཐབ་རྩོད་ཀྱི་རྩ་དོན་ཡང་འདིར་ཐུག་ཡོད་པས་བོད་རྒྱ་གཉི་གའི་གནད་དོན་གྱི་གནད་དོན་འདིར་ཐུག་ཡོད།
གནད་དོན་ཆེན་པོ་གཞན་ཞིག་ནི། དོན་ཚན་བཅུ་བདུན་ནང་དུ། “བོད་ཀྱི་མི་དམངས་ཀྱི་ཆོས་ལུགས་དད་མོས་དང༌ཡུལ་གོམས་གཤིས་ལུགས་ལ་བརྩི་འཇོག དགོན་པ་གྲྭ་ཚང་གི་ཡོང་སྒོར་ཀྲུང་དབྱང་ནས་བསྒྱུར་བཅོས་མི་བྱེད་ཅེས”བཀོད་ཡོད་པ་ཡང་རིམ་བཞིན་རྡོག་རྫིས་ཀྱིས་རིག་གསར་སྐབས་མགོ་མཇུག་ཡོངས་སུ་བསློགས་པ་དང། སྲིད་བྱུས་ཅུང་གུ་ཡངས་བཏང་ནས་བསྐྱར་གསོའི་ཆོག་མཆན་ཙམ་བྱིན་ཡོད་མོད། ཡོད་ཚད་ཏང་གི་སྡེར་ཁྱིམ་ནང་བཅུག་སྟེ། རྒྱལ་བ་པཎ་ཆེན་རྣམ་གཉིས་ལ་དད་མོས་བྱེད་མི་ཆོག་པའི་བཙན་བཀའ་དེ་ཆེས་དམིགས་བསལ་རང་བཞིན་གྱི་གནད་དོན་དུ་གྱུར་ཡོད།
དེ་ནས་གནད་དོན་ཚབས་ཆེན་གཞན་ཞིག་ནི། དོན་ཚན་བཅུ་བདུན་ནང། “བོད་ཀྱི་མི་དམངས་ལ་མི་རིགས་ཀྱི་ས་གནས་རང་སྐྱོང་ལག་ལེན་བྱེད་རྒྱུའི་དབང་ཆ་ཡོད།” “བོད་ཀྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་སྟེ་རིམ་གྱིས་བོད་རིགས་ཀྱི་སྐད་ཆ་དང༌། ཡི་གེ་སློབ་གྲྭའི་སློབ་སྦྱོང་བཅས་གོང་འཕེལ་གཏོང་རྒྱུ།” ཞེས་བཀོད་པ་མིང་ཙམ་གྱི་རང་སྐྱོང་ནས་ད་ཆ་རྦད་དེ་བོད་སྐད་ཡིག་གི་སློབ་ཚན་ཇེ་ཉུང་ནས་མེད་པར་གཏོང་བར་གཡོ་ཐབས་སྣ་ཚོགས་ཤིག་བཀོལ་དང་འཁོལ་བཞིན་ཡོད། “གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང”སོགས་སྒོ་རྒྱག་དགོས་བྱུང་བ་ནི་ཆེས་མངོན་གསལ་གྱི་མཚོན་རྟགས་དེ་རེད།
དེ་ཡང་དེ་སྔོན། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གཞོན་པ་ཀྲུའུ་ཝེ་ཆོན་གྱི་མི་རིགས་གནད་དོན་སྐོར་གྱི་རྩོམ་ཡིག་ཅིག་ནང་འདི་ལྟར་བཤད་ཡོད་དེ། ༼༢༠༡༢ ལོའི་ཟླ་༢ ཚེས་༡༣ རྒྱ་ནག་དབུས་དམར་ཤོག་སློབ་གྲྭའི་<<སློབ་སྦྱོང་དུས་བབ>>ཀྱི་མདུན་ངོས་སུ་བཀོད་ཡོད།༽ “མི་རིགས་ས་ཁུལ་དེ་ཉིད་འཛུག་སྐྲུན་དང་འཕེལ་རྒྱས་གཏོང་པར་རམ་འདེགས་ཀྱི་ཞོར་ལ་མི་རིགས་འདྲ་མིན་ཕན་ཚུན་མི་འབོར་སྤོ་རེས་དང་། དངོས་པོ་སྤེལ་རེས། དངུལ་འབོར་སྤེལ་རས། རྒྱུད་ལམ་སྤེལ་རེས་དང་། ལས་བྱེད་གནས་སྤོ་སོགས་བྱས་ནས། མི་རིགས་མཐུན་ལམ་སྲ་བརྟན་དང་རྒྱལ་ཁབ་གཅིག་གྱུར་དང་བརྟན་ལྷིང་ཡོང་བའི་གོ་རིམ་དུ་སྒྱུར་དགོས།” ཞེས་དང་། “ང་རང་སྒེར་གྱི་བསམ་ཚུལ་ལ་མ་འོངས་པར་མི་སེར་ལག་ཁྱེར་ནང་“མི་རིགས”ཞེས་པའི་ཡིག་འབྲུ་གཉིས་པོ་དེ་མེད་པར་བཟོས་ནས། མི་རིགས་ས་ཁུལ་རང་སྐྱོང་གི་ས་ཆ་འཕར་སྣོན་མི་བྱེད་པ་དང་། མི་རིགས་རང་སྐྱོང་གི་གྲོང་ཁྱེར་མི་བསྐྲུན་པ། མི་རིགས་འདྲ་མིན་གྱི་སློབ་མ་རྣམས་མཉམ་བསྲེས་ཀྱི་སློབ་གྲྭར་གཏོང་པ་དེ་རྒྱ་ཆེར་གཏོང་བ། །གྲངས་ཉུང་མི་རིགས་ཀྱི་ཡར་རྒྱས་དང་ཁེ་བབ་ནས་བཤད་ནའང་འདྲ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་གྱུར་ཁེ་བབ་ནས་བཤད་ནའང་འདྲ། གང་ལྟར་ཀྱང་རྒྱལ་ཁབ་ཀྱི་སྤྱི་སྐད་དར་སྤེལ་གཏོང་དགོས་ངེས་རེད།” ཅེས་སོགས་མདོར་ན་གྲངས་ཉུང་མི་རིགས་ཞེས་པ་ཚང་མ་ངང་ངམ་ཤུགས་ཀྱིས་ཀྲུང་ཧྭ་མི་རིགས་ཆེན་པོའི་ནང་དུ་འཐིམ་ཐབས་གསལ་སྟོན་བྱས་ཡོད་པ་དེ་རིམ་བཞིན་ལག་བསྟར་བྱས་དང་བྱེད་ཀྱིན་པ་མངོན་གསལ་རེད། ང་ཚོས་གནད་དོན་འདི་དག་ཧ་གོ་ན་མ་མཐར་ཡང་མི་རིགས་རང་སྲུང་གི་འདུ་ཤེས་ལས་སླ་བོར་མེད་བརླག་ཏུ་མི་འགྲོ་བར་རང་ཉིད་སྐུལ་འདེད་བྱེད་ཐུབ།
གོང་གི་གནད་དོན་གསུམ་པོ་འདི་ནི་རྒྱ་དམར་གཞུང་གིས་བོད་ལ་བཙན་འཛུལ་དབང་སྒྱུར་བྱས་དང་བྱེད་ཀྱིན་པའི་བོད་མི་རིགས་ཀྱིས་ཆེས་མི་འདོད་པའི་བཙན་གནོན་དེ་ཡིན། བོད་རྒྱའི་དཀའ་རྙོག་ཟེར་བ་དེ་དོན་ངོ་མར་བོད་པས་བཟོས་པ་ཞིག་གཏན་ནས་མིན་པར་རྒྱ་གཞུང་རང་ཉིད་ཀྱིས་འགན་འཁུར་དགོས་པའི་ལོ་རྒྱུས་ཀྱི་བྱུང་བ་དང་ད་ལྟའི་དངོས་ཡོད་ཀྱི་གནད་དོན་དེ་ཡིན་པ་ང་ཚོས་ཕྱི་གསལ་ནང་གསལ་གྱིས་མུ་མཐུད་སྒྲོག་དགོས་ལ། ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བར་དུ་ཁས་མི་ལེན་པ་དང་མགོ་སྒུར་མི་རུང་བའི་བདེན་པ་སྲུང་བའི་དམ་བཅའ་གསུམ་ཡང་ཡིན།
ཉེ་ཆར་ཨ་མི་རིས་གཏན་འབེབས་གནང་བའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་ཏུ། རྒྱ་ནག་དམར་ཤོག་ཚོགས་པས་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བཤད་པ་དེ་ལོ་རྒྱུས་ཀྱི་ཐོག་ནས་མི་བདེན་པ་གསལ་སྟོན་དང་། རྒྱ་གཞུང་ནས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་དོན་དམ་གྱི་གྲོས་མོལ་ཡོང་ཐབས་ལ་འབད་བརྩོན་གནང་རྒྱུ་ཡིན་ཚུལ་བཤད་ཡོད་ལ། ཨ་རིའི་སྲིད་འཛིན་ཇོ་བྷའི་ཊེན་མཆོག་གིས་ཁྲིམས་ཡིག་འདིར་མཚན་རྟགས་བཀོད་རྗེས་ཀྱི་གཞུང་འབྲེལ་བསྒྲགས་གཏམ་ནང་ལ་ཡང་། “དེ་རིང་ངས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་ལ་མིང་རྟགས་བཀོད་ཡོད། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་དུ་གཏོང་བ་དང་། ཁོ་ཚོའི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་ཀྱི་ཤུལ་བཞག་རྒྱུན་འཛིན་བྱེད་པའི་འབད་བརྩོན་ལ་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་ཟུང་སྦྲེལ་གྱིས་རྒྱབ་སྐྱོར་གནང་བ་གཅིག་མཚུངས་ངས་ཀྱང་རྒྱབ་སྐྱོར་ཞུ་གི་ཡོད། ངའི་སྲིད་གཞུང་གིས་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་ཐབས་སུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་༸གོང་ས་ཏཱ་ལའི་བླ་མའམ་ཁོང་གི་སྐུ་ཚབ་ལྷན་སླར་ཡང་ཐད་ཀའི་གྲོས་མོལ་བྱེད་དགོས་པའི་རེ་སྐུལ་མུ་མཐུད་བྱེད་ཀྱི་ཡོད།” ཅེས་གསུངས་པ་ཡང་ང་ཚོར་བདེན་པའི་དཔུང་རོགས་གནང་ཚུལ་སྟོབས་དང་ལྡན་པ་ཞིག་ཡིན་ལ། ང་ཚོ་དགའ་སྤོབས་སྐྱེ་འོས་པའི་བདེན་པའི་རྒྱལ་ཁ་ཞིག་ཀྱང་ཡིན།
དེ་བས་གཞིས་བྱེས་བོད་མི་ཡོངས་ཀྱིས་སྔར་ལས་ཀྱང་མཛའ་བརྩེ་དམ་ཟབ་དང་ནུས་སྟོབས་ཆིག་སྒྲིལ་བྱེད་དགོས་ལ། ལྷག་པར་དུ་བོད་མི་བཙལ་བྱོལ་བ་ཚོས་ གཞིས་བཞུགས་བོད་མིའི་དཀའ་ངལ་མཐའ་དག་ལ་གདུང་སེམས་མཉམ་སྐྱེད་དང་། ༸གོང་ས༸རྒྱལ་བ་རིན་པོ་ཆེས་ནམ་རྒྱུན་རྐྱེན་ངན་གྲོགས་སུ་བསྒྱུར་བའི་ཐབས་མཁས་ཐུགས་རྗེ་བླ་ན་མེད་པའི་མཛད་འཕྲིན་དང་བདེན་པའི་མཐུ་སྟོབས་ལ་ཡིད་ཆེས་བྱས་ཏེ། རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་དང་ཆོས་ལུགས། རིག་གཞུང་དང་བཅས་པར་དངོས་ཤུགས་བརྒྱུད་གསུམ་དང་ཞི་དྲག་གི་གཡོ་འཕྲུལ་ཇི་ལྟར་བསྟན་པ་ལ་གདོང་ལེན་བྱས་ཏེ། བདེན་པའི་འཐབ་རྩོད་ཀྱི་འབོད་སྒྲས་རྒྱ་དམར་སྲིད་གཞུང་གི་སྐྱོན་མཚང་མཐའ་དག་ཐེར་འདོན་གྱིས་ང་ཚོའི་བདེན་པའི་རྒྱབ་དཔུང་ཇེ་མང་ཇེ་བརྟན་དུ་གཏོང་བ་ནི། ཞི་བདེའི་དེད་དཔོན་ཆེན་པོ་གང་གི་རྗེས་འཇུག་པ་ཚོས་བདེན་པ་གཡུལ་ལས་རྒྱལ་བྱེད་ཀྱི་རྫ་རྔ་རྡུང་ཚུལ་ཡིན་ལ། ངེད་ཅག་ཇག་ལ་ཆས་ཏེ་དབྱངས་གསལ་སོ་བཞིའི་འཕྲུལ་མདའ་འཕེན་ཚུལ་ཡང་ཅི་ལ་མིན།
ཐོག་མར་དྲག་པོའི་དཔུང་གིས་བཙན་འཛུལ་བྱས། །
བར་དུ་ཞི་དྲག་ཐབས་བརྒྱས་དབང་སྒྱུར་བྱས།།
ད་དུང་མ་ཐུལ་འུ་ཐུག་བཙན་ཐབས་ཀྱིས། །
མི་འཇིག་བདེན་པའི་སྟོབས་འདི་ཨེ་མ་ཧོ།།
བཀླགས་གྲངས། 734

