Back To Top

ཧྥ་ཇག་རྩོམ་སྒྲིག་པའི་གཏམ།

དཔའ་བོའི་འབོད་སྒྲ།

      བློ་དགའ་རང་བཙན་ལགས་ཀྱིས་བོད་ཀྱི་རང་དབང་གི་ཆེད་དུ་མེར་བསྲེགས་པ་རེད། བོད་རང་བཙན་གྱི་ཆེད་དུ་མེར་བསྲེགས་པ་རེད། བོད་ཀྱི་ཆོས་རིག་སྐད་ཡིག་དང་བཅས་པའི་ཆེད་དུའང་མེར་བསྲེགས་པ་རེད། བོད་མི་རེ་རེའི་ཆེད་དུ་མེར་བསྲེགས་པ་རེད། འཛམ་གླིང་ཞི་བདེའི་ཆེད་དུ་མེར་བསྲེགས་པ་རེད། འཛམ་བུ་གླིང་གི་མི་རེ་རེའི་ཆེད་དུའང་མེར་བསྲེགས་པ་རེད། ཨ་རི་བ་རེ་རེའི་ཆེད་དུའང་མེར་བསྲེགས་པ་རེད། ཡུ་རོབ་པ་རེ་རེའི་ཆེད་དུའང་མེར་བསྲེགས་པ་རེད། དེ་མིན་ན། བློ་དགའ་རང་བཙན་ལགས་རང་བཙན་གཅིག་བུ་ལས་བོད་ཀྱི་ཆོས་དང་རིག་གཞུང་གི་ཆེད་དུ་མེར་བསྲེགས་པ་མིན་ཟེར་དགོས།

     བོད་ཀྱི་ཆོས་དང་རིག་གཞུང་གི་ཆེད་དུ་མེར་བསྲེགས་ཞེས་པ་དེར་ངེས་ཤེས་དང་ངོས་འཛིན་གསལ་བོ་མེད་ན། བོད་ཀྱི་རྩ་དོན་ལ་ངོས་འཛིན་གསལ་བོ་མེད། བློ་དགའ་རང་བཙན་ལ་ངོས་འཛིན་གསལ་བོ་མེད། བློ་དགའ་རང་བཙན་ལགས་ཀྱིས་ང་ཚོར་རང་བཙན་རག་པ་ཡིན་ན། ང་ཚོར་ཚང་མ་ཡོད་པ་རེད་ཅེས་པ་ནི། བོད་མི་གཅིག་བུར་ཚང་མ་ཡོད་པར་སྨྲས་ན་གོ་བ་ཆུང་སོང་། འཛམ་གླིང་གི་མི་རེ་རེར་དེ་ཚང་མ་ཡོད། ཡིན་ནའང་། དགོས་དང་མི་དགོས་རང་རང་འདོད་པ་རེད། རང་དབང་ལུང་བའི་བོད་པའི་གཅེས་ཕྲུག་མང་པོ་ཞིག་ལ་བོད་ཀྱི་ཆོས་དང་རིག་གནས་དགོས་ཀྱི་ཡོད་པ་མ་རེད།
གང་ལྟར། འཛམ་གླིང་གི་མི་རེ་རེར་དེ་འདྲའི་ངེས་ཤེས་གསལ་བོ་སྐྱེ་འཇུག་ཐུབ་མིན་འུ་ཚོར་ཐུག་ཡོད། དེར་བརྟེན། བློ་དགའ་རང་བཙན་མེར་བསྲེགས་པ་དེ་བོད་རང་བཙན་གྱི་ཆེད་དུ་མེར་བསྲེགས་པ་རེས་ཅེས་པའི་སྒྲ་དེ་མ་སྦྱར་ན་དཔའ་བོའི་འབོད་སྒྲ་འཁྱོག་བརྗོད་བྱས་པར་བརྩི་སྲོལ་ཞིག་མེད། འཛམ་གླིང་གི་མི་རེ་རེར་ཁྱོད་ཀྱི་མ་འོངས་པའི་ཞི་བདེའི་ཆེད་དུ་མི་འདིས་འདི་ལྟར་མེར་བསྲེགས་པར་འགྲེལ་བརྗོད་བྱས་ན། དེ་ནི་བདེན་པ་ཡིན། བདེན་པ་རིགས་པ་ཅན་ཡིན། གནས་ལུགས་ཅན་ཡིན།

     ཁྱོད་དང་ཁྱོད་ཀྱི་བུ་རབས་ཚ་བརྒྱུད་ལ་མ་འོངས་པར་ཞི་བདེ་དགོས་ན། ཞི་བདེའི་རིག་པའི་གཞུང་ལུགས་དགོས་པ་རེད། ཞི་བདེའི་རིག་པའི་གཞུང་ལུགས་རིག་གནས་གང་གི་ནང་དུ་ཡོད་པ་རེད་དམ། སྐད་ཡིག་གང་གི་ནང་དུ་ཡོད་པ་རེད་དམ་ཞེས་དྲིས་ན། བོད་ཀྱི་རིག་གནས་དང་བོད་ཀྱི་སྐད་ཡིག་ལས་གཞན་དུ་མེད། ཆོས་ལུགས་སོ་སོ་དང་སྐད་ཡིག་སོ་སོའི་ནང་དུ་བྱམས་དང་སྙིང་རྗེ། ཞི་བདེ་སོགས་ཡང་ཡང་བཤད་ཀྱིན་ཡོད་ནའང་། སྒྲུང་རེར་སྦྱར་བ། དཔེ་རེར་སྦྱར་བ། ལོ་རྒྱུས་རེར་སྦྱར་བ། རིགས་འདེད་རེ་བྱེད་པ། ཚོར་སྣང་རེ་བརྗོད་པ་ཙམ་ལས་བོད་ཀྱི་རིག་གནས་བཞིན་གཞུང་ལུགས་ཀྱི་ངོ་བོར་རིགས་པའི་རྣམ་གྲངས་མཐའ་ཡས་པའི་གཏན་ལ་ཕབ་པའི་རིག་གནས་ཚང་ལ་མ་ནོར་བ་ཞིག་གཞན་དུ་མེད། བོད་ཀྱི་ཆོས་དང་རིག་གཞུང་དཔལ་ཎ་ལེནྡྲ་ནས་བརྒྱུད་པར་ནན་གྱིས་སྨྲ་བའི་དགོས་པའང་འདི་ཡིན། བོད་ཀྱི་རིག་གནས་དང་ཆོས་ལུགས་ཀྱི་རིན་ཐང་ངོ་མའང་འདི་ཡིན། འདི་ལ་དགོངས་ནས་རྒྱལ་མཆོག་ཡིད་བཞིན་ནོར་བུས། བོད་ཀྱི་ཆོས་དང་རིག་གཞུང་འཛམ་གླིང་གི་སྤྱི་ནོར་ཡིན་ཞེས་ཡང་ཡང་གསུངས་པ་རེད། རྒྱལ་མཆོག་ཡིད་བཞིན་ནོར་བུ་འཛམ་གླིང་ཞི་བདེའི་དེད་དཔོན་དང་སྤྱི་ནོར་ཡིན་པའི་རྒྱུ་མཚན་ཡང་བོད་ཀྱི་ཆོས་དང་རིག་གཞུང་རང་དབང་གིས་སྨྲ་བའི་མགྲིན་ཚབ་པ་ཡིན་པའི་རྒྱུ་མཚན་ལ་འབྲེལ་ཡོད།

     འུ་ཚོས་ཟབ་མོ་སྟོང་བ་ཉིད་དང་སྟོང་རྟེན་འབྱུང་ཞེས་ཟབ་མོ་ཟབ་མོ་གོ་དཀའ་བ་ཞིག་བཤད་ཀྱིན་ཡོད་ནའང་། ཚིག་ནག་ལ་ཕབ་ན་འབྲེལ་བ་ཡིན། མི་དང་མི་ཕན་ཚུན་དབར་གྱི་འབྲེལ་བ་ལས་བརྒལ་ཏེ། རྡུལ་ཕྲན་རེ་རེའི་འབྲེལ་བ། དབང་ཤེས་ཀྱི་རྒྱུན་ཐག་རེ་རེའི་འབྲེལ་བ། དེ་ལས་ཀྱང་ཟབ་པ་ཡིད་ཤེས་ཀྱི་འཕེལ་འགྲིབ་ཀྱི་འབྲེལ་བ། དུས་གསུམ་རྒྱུ་འབྲས་དང་བཅས་པའི་འབྲེལ་བ་ཞིག་བཤད་ཀྱིན་ཡོད། འབྲེལ་བ་དེའི་རིག་པའི་གཞུང་ལུགས་ཀྱང་བོད་ཀྱི་རིག་གནས་ནང་དུ་ཡོད་པ་ལས་སྐད་ཡིག་དང་ཆོས་ལུགས་གཞན་ལྟ་ཅི། ཚན་རིག་གི་ནང་དུའང་ཁ་མ་ཚང་བ་ཞིག་ལས་མེད་པས། བོད་ཀྱི་རིག་གནས་རིན་པོ་ཆེ་ཡིན་དོན་གྱི་གནད་ཀྱི་དོན་པོ་ངོས་འདི་དག་ན་ཡོད་ལ། བློ་དགའ་ལགས་ཀྱིས་བོད་ཀྱི་རིག་གནས་ཆེད་དུ་བློས་གཏོང་བྱས་པ་ནི། ཁྱོད་ཀྱི་མ་འོངས་པའི་ཞི་བདེ་དང་དུས་གསུམ་གྱི་འབྲེལ་བའི་རིག་པའི་གཞུང་ལུགས་ཀྱི་ཆུ་མགོ་བོད་ཀྱི་ཆོས་དང་རིག་གཞུང་གི་ཆེད་དུ་མེར་བསྲེགས་པ་ཡིན་པས། གནད་དོན་འདི་ཨ་རི་བ་རེ་རེའི་གནད་དོན་དང་འབྲེལ་མེད་དུ་སྨྲ་བའི་རྣམ་དཔྱོད་ཅན་གྱི་བུ་དེ་སུ་ཡིན་ནམ།

བློ་དགའ་རང་བཙན་གྱི་ཞེ་དགུ་རྫོགས་ནའང་། དགོངས་པ་རྫོགས་མེད། ཁོའི་དགོངས་པ་ནི་བོད་རང་བཙན་ཐོབ་རྒྱུ་དང་བོད་མི་རིགས་མཐུན་སྒྲིལ་བྱེད་རྒྱུ་དེ་རེད། བོད་རང་བཙན་ཐོབ་པ་ནི་ལྟོས་བཅས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཤིག་ཚང་དགོས་ནའང་། མཐུན་སྒྲིལ་ནི་འུ་ཚོ་མི་རེ་རེ་དང་འབྲེལ་བ་ཞིག་རེད། བློ་དགའ་རང་བཙན་གྲོངས་ནས་ད་ལྟའི་དབར་དུ་བཙན་བྱོལ་བ་ཚོར་མཐུན་སྒྲིལ་གྱི་རྣམ་པ་ཡག་པོ་ཞིག་ཕྱོགས་ངོས་གང་སར་མཐོང་བས། འུ་ཚོ་འདི་ལ་ཤིན་ཏུ་དམར། ཧ་ཅང་ཉག

      འོན་ཏེ། དྲང་མོར་བཤད་ན། སྤྱི་ཟླ་དགུ་བའི་ནང་གྲོས་ཚོགས་འཚོགས་ཐེངས་ཤིག་གིས་རྣམ་པ་འདི་ཐལ་བའི་རྡུལ་དུ་བརླག་ཨེ་ཡོང་སྙམ་པའི་རྣམ་རྟོག་ཅིག་སྐྱེ་ཡོང་གིན་འདུག འཇིག་རྟེན་ཆོས་ལུགས་གཅིག་གིས་ཡོངས་སུ་ཁྱབ་ན་འདོད་པའི་ཧམ་པ་ནི་ཆོས་ལུགས་པ་ཧམ་ཆེན་ཚང་མར་ཡོད། འཇིག་རྟེན་འདི་སྲིད་ལུགས་གཅིག་གིས་ཡོངས་སུ་བཟུང་ན་སྙམ་པའི་ཧམ་པའང་ཆབ་སྲིད་པ་ཧམ་ཆེན་ཚང་མར་ཡོད། དེ་བཞིན་བོད་མི་རིགས་ཀྱི་ཁྲོད་དུའང་ཧམ་ཆེན་དེ་དག་གིས་ཧམ་ཤེད་ཚད་ནས་སྤྱི་ཚོགས་དཀྲུག་དཀྲུག་གཏོང་གིན་ཡོད། བོད་མི་རིགས་ནི་ཆོས་ལུགས་དང་ཆོས་བརྒྱུད་སྣ་མང་ཅན། ཆབ་སྲིད་ཀྱི་ལང་ཕྱོགས་ཀྱང་སྣ་མང་ཅན་དང་། ཕན་ཚུན་ལ་གུས་ཞབས་ཅན་དུ་འགྱུར་བར་བསམ་བློ་གཏོང་དགོས་པ་ལས། བཙན་བྱོལ་སྤྱི་ཚོགས་ནི་དབུ་རང་གང་རུང་གི་ལངས་ཕྱོགས་གཅིག་ཅན་དང་འབོད་སྒྲ་གཅིག་ཅན་གྱི་ངོ་བོར་ཨེ་འགྱུར་འབད་ན། དེས་མང་གཙོ་ལའང་ངོ་རྒོལ་བྱེད་ཀྱིན་མེད་དམ། ལྷག་པར་དཔའ་བོའི་འབོད་སྒྲ་ཁྱེར་ནས་དེ་ལྟར་འབད་ན། དཔའ་་བོའི་འབོད་སྒྲའང་དཀྲུག་ཤིང་ཙམ་གྱི་ངོ་བོར་ལྷག་ངེས་ཡིན། དེར་བརྟེན། ང་ཚོས་དཔའ་བོའི་འབོད་སྒྲ་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་སྣ་ཚོགས་ལ་གུས་ཞབས་ཅན་དང་བོད་ཀྱི་དོན་དུ་རྡོག་རྩ་གཅིག་སྒྲིལ་ཅན་དུ་བསམ་བློ་བཏང་ན། འུ་ཚོའི་མཐུན་སྒྲིལ་གྱི་གཞི་རྩ་ལ་ཡོ་འཁྱམ་ཅི་ཡང་མེད་ལ། དཔའ་བོའི་འབོད་སྒྲ་ལའང་བརྩི་བཀུར་བྱས་པ་ཡིན་ཨང་།

སྤྱི་ལོ་ ༢༠༢༦ ཟླ་ ༠༨ ཚེས་ ༣༡ ཉིན།

བཀླགས་གྲངས། 263

2026-09-04 རྡོ་གོར་མོ།
2026-08-30 ཇག་ལྷ་དཀར་པོ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།