Back To Top

ཧྥ་ཇག་རྩོམ་སྒྲིག་པའི་གཏམ།

བཙན་བྱོལ་ནས་སྐད་ཡིག་གི་ཕོར་བ་ཞིག་བཟོ་ཐུབ་བམ།

རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་གི་ཕོར་བ་བཅག་པ་རེད། བཙན་བྱོལ་སྒྲིག་འཛུགས་ཀྱིས་སྐད་ཡིག་སྲུང་སྐྱོབ་ཚད་ལྡན་ཞིག་བྱེད་ན། སྐད་ཡིག་གི་ཕོར་བ་བཟོ་བ་ལས་སྐད་ཡིག་སྲུང་སྐྱོབ་ཀྱི་ལམ་གཞན་ཡོད་པ་མ་རེད། ལྷག་པར་སྒྲིག་འཛུགས་ཀྱི་ངོས་ནས་སྐད་ཡིག་གི་ཕོར་བ་བཟོས། ཕོར་བ་དེ་སྲུང་སྐྱོབ་ཀྱི་སྲིད་བྱུས་བཟུང་། གཞུང་ནས་སྒོར་མོ་གཅིག་ལེན་ནའང་སྐད་ཡིག་གི་ཆ་རྐྱེན་བསྐྲུན་རྒྱུ་དེ་གཞུང་ཞིག་གིས་སྐད་ཡིག་སྲུང་སྐྱོབ་བྱེད་སྟངས་རེད། གཞུང་གིས་་རང་འགན་བཞག་སྟེ། སྐད་ཡིག་གི་དགེ་མཚན་གཙོར་སྒྲོགས་དང། ཕ་མ་དང་དགེ་རྒན། སློབ་མ་དང་མི་མང་བཅས་པར་སློབ་གསོ་དང་། བཀོད་ཁྱབ་སོགས་འདོན་གནང་གིན་འདུག སྐད་ཡིག་སྲུང་སྐྱོབ་ལ་ལམ་སྟོན་བྱེད་མཁན་མཁས་པའི་དབང་བོ་དང་། བསླབ་བྱ་གནང་མཁན་བླ་མ་དགེ་རྒན་སོགས་ཡོད་ལ་ཁོང་དག་གི་འགན་ཡང་རེད། དེར་བརྟེན། རང་གཞུང་གིས་རང་འགན་བཞག་ནས་གཞན་འགན་ལྷུར་ལེན་པ་ནི་འགག་རྩ་བོར་བ་ཞིག་རེད།

རང་དབང་ཅན་གྱི་དམངས་གཙོའི་གཞུང་དང་དམར་ཕྱོགས་གཞུང་གཉིས་ཀས་སྐད་ཡིག་ནི་འཇམ་པོའི་སྟོབས་ཤུགས་ལ་ངོས་འཛིན་གྱིས་སྐད་ཡིག་རྒྱ་བསྐྱེད་ཀྱི་ཆེད་དུ་མ་རྩ་འབོར་ཆེན་འཇོག་གིན་ཡོད། རང་གཞུང་གིས་ཀྱང་སྐད་ཡིག་འདི་གཞུང་གི་འཇམ་པོའི་སྟོབས་ཤུགས་ཡིན་པར་ངོས་འཛིན་གསལ་བོ་དགོས། དཔེར་ན། ཧྥ་རན་སིས་ལོ་ལྟར་སྐད་ཡིག་གི་ཆེད་དུ་བཞག་པའི་མ་དངུལ་གྱིས་གཞུང་གི་མ་དངུལ་གྱི་བརྒྱ་ཆའི་ལྔ་ལྷག་རེ་བཞག་ནས་ཡུ་རོབ་རྒྱལ་ཁབ་ཐམས་ཅད་ལས་ཨང་དང་པོ་ཡིན་ནའང་། ད་དུང་མཐོ་སློབ་ཐམས་ཅད་ཡར་ལངས་ནས་མ་དངུལ་དེ་ལས་བརྒལ་བ་འཇོག་དགོས་པའི་ལྟ་ཚུལ་འཛིན་གྱིན་ཡོད། རྒྱ་གཞུང་གིས་ཀྱང་ནང་ཁུལ་དུ་སྐད་ཡིག་རྒྱ་བསྐྱེད་ཀྱི་ཆེད་དུ་འགྲོ་སོང་འབོར་ཆེན་གཏོང་གིན་ཡོད་པ་མ་ཟད། ཕྱི་ཕྱོགས་ཀྱི་སློབ་མ་རྒྱ་ཡིག་སློབ་མཁན་རྣམས་ལ་སློབ་ཡོན་ཕོན་ཆེ་སྤྲོད་པ་དང་། ཁུང་ཙིའི་སློབ་གླིང་ངམ་དོན་ལ་སྐད་ཡིག་རྒྱ་བསྐྱེད་ཀྱིས་དམར་ཕྱོགས་ཀྱི་ལྟ་བ་ཁྱབ་སྤེལ་གྱི་སློབ་གླིང་སྟོང་ཕྲག་བརྒལ་བ་རྒྱལ་ཁབ་གཞན་དག་གི་ནང་དུ་བཙུགས་ཡོད། དྲག་པོའི་སྟོབས་ཤུགས་དང་འཇམ་པོའི་སྟོབས་ཤུགས་གཉིས་ནི་གཞུང་ཞིག་བརྟན་པོར་ལངས་པའི་རྐང་པ་གཉིས་ལ་ངོས་འཛིན་གྱིས། གཞུང་གཞན་དག་གིས་འཇམ་དྲག་གི་སྟོབས་ཤུགས་གཉིས་ནི་གཞུང་གིས་ཕྱིར་ལྟོས་མི་བྱེད་པར་མ་དངུལ་འབོར་ཆེན་གཏོང་ས་དེ་ཡིན་མོད། རང་རེའི་སྒྲིག་འཛུགས་ལ་ནི་དྲག་པོའི་སྟོབས་ཤུགས་ཀྱི་ཆེད་མ་དངུལ་སྐར་གང་བཞག་མྱོང་མེད་ལ་འཇོག་སའང་མེད་མོད། འཇམ་པོའི་སྟོབས་ཤུགས་རྒྱ་བསྐྱེད་ལའང་ཤུགས་མི་འདོན་པར་སྤེན་སེང་གཉིས་ཀྱིས་ལོ་བཅོ་ལྔར་ཨར་ལས་རྒྱ་ཆེ་ཙམ་གྱིས་བསྐྱལ་བ་འདི་བློ་དང་ལྡན་པ་རྣམས་ཀྱི་ཡིད་ལ་འབབ་པོ་ཞིག་མ་རེད།

སྐད་ཡིག་གི་ཕོར་བ་ཞེས་ཆེན་པོ་ཞིག་བཙན་བྱོལ་གྱི་གནས་བབ་ནས་དཀའ་མོད། བཙན་བྱོལ་ནང་བོད་ཡིག་གིས་ཚིགས་བཅད་ཐ་ཐོར་འབྲི་བའི་བྱིས་པ་ཚོ་རྔན་པ་ཕ་མས་ཉོ་མི་དགོས་པར་རྩོམ་ཡོན་གྱིས་ཉོ་ཐུབ་པ་ཞིག་དང་། སྙན་ངག་པ་ཚོས་ཀྱང་རྩོམ་ཡིག་བྲིས་ནས་བསྡད་ན་འཚོ་བ་མི་འགྲོ་ནའང་ཐ་མག་ཉོ་བྱེད་ཙམ་ལ་འདང་རྒྱག་མེད་པའི་ཁོར་ཡུག་ཅིག་བྱུང་ན་ད་གཟོད་གཞུང་གི་ངོས་ནས་སྐད་ཡིག་སྲུང་སྐྱོབ་ཀྱི་རང་འགན་གང་འཚམ་འགྲུབ་ཡོད་པ་རེད། ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་ལ་ཉན་དུས། བཙན་བྱོལ་གྱི་བོད་ཀྱི་ཡི་གེ་བ་སྤྱི་ལ་ཁྱབ་པའི་ཕོར་བ་གཅིག་ཀྱང་མི་འདུག སློབ་གྲྭ་དང་དེའི་ནང་ནས་ཀྱང་རྩེ་ཕུད་བདམས་ཏེ། སློབ་ཕྲུག་གི་རྩེད་ཕུད་རྩོམ་ཡིག་ ༩༠ ལ་རྩོམ་ཡོན་ ༡༦༠༠ རེ་དང་དགེ་རྒན་གྱི་རྩོམ་ཡིག་གྲངས་༣༠ ལ་རྩོམ་ཡོན་ ༣༣༠༠ རེ་ཕུལ་འདུག དེ་ལས་གཞན། རོགས་ཚོགས་ ༤༨ དང་མཉམ་དུ། སློབ་མ་ ༤༢༥ ཙམ་ལ་སློབ་ཡོན་ཕུལ་འདུག འདི་ཙམ་གྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱོ་བཟོ་ལྟ་ཙམ་ཡང་ཡོང་གི་མེད།

བཙན་བྱོལ་གཞུང་ཚུགས་པ་ནས་ཤེས་བྱ་དང་བོད་མིའི་རང་དབང་གཉིས་ལས་གཞན་བཙན་བྱོལ་སྒྲིག་འཛུགས་ངོས་ནས་འགྲོ་སོང་ནར་གཏོང་བྱས་པའི་དུས་དེབ་གཉིས་འདུག ཤེས་རིག་ཅེས་པའི་དུས་དེབ་ཅིག་དང་སྨྱུག་གསར་ཞེས་པའི་དུས་དེབ་གཉིས་རེད། བཙན་བྱོལ་སྒྲིག་འཛུགས་ལོ་དྲུག་ཅུ་རེ་བདུན་རེད། ཤེས་རིག་དུས་དེབ་ཅེས་པ་ཕལ་ཆེར་ལོ་བཅུ་གཅིག་དང་སྨྱུག་གསར་ལོ་ཉེར་བརྒྱད་རེད། ཤེས་རིག་དུས་དེབ་ཚང་མའི་དབུར་དུས་དེབ་འདི་མ་མཐའ་ཡང་ལོ་རེར་ཐེངས་རེར་འདོན་གི་ཡིན་ཞེས་འདོན་ཐེངས་བཅུ་བོའི་མགོར་འཁོད་འདུག འདོན་ཐེངས་བཅུ་གཅིག་པའམ་༢༠༡༡ ལོའི་ལོ་དེབ་ཤེས་རིག་ཅེས་པ་ཞིག་དྲ་ལམ་དུ་བཞག་འདུག་མོད། རྒྱབ་ཤོག་གཅིག་བུ་ལས་མི་འཆར་གི དྲ་ལམ་ལ་མ་བཞག་པར་ལོ་རེ་བཞིན་བཏོན་ཡོད་ན་ལོ་ཉེར་དྲུག་རེད། དེ་དག་ནང་གི་རྩོམ་ཡིག་མང་ཆེ་བ་ཐེངས་མང་ལ་བོད་ཕྱི་ནང་གཉིས་སུ་དཔར་ཚར་བའི་བོད་ནང་གི་མཁས་པ་གཉན་ཤུལ་དང་ཆབ་སྤེལ། བསེ་ཚང་བློ་བཟང་དཔལ་ལྡན་སོགས་ཀྱི་གསུང་རྩོམ་བཤུས་འགོད་རེད། དུས་དེབ་རེའི་སྟེང་ན་རྩོམ་ཡིག་མང་ཤོས་བཅུ་གསུམ་དང་ཉུང་ཤོས་བདུན་ནས་བརྒྱད་མང་ཆེ་བ་རྩོམ་ཡིག་དགུ་རེས་གྲུབ་འདུག་ལ་ད་དུང་རྩོམ་ཡིག་ཕལ་ཆེ་བ་མུ་འགོད་རེད། ཐ་ན་ཁ་ཤོག་གི་རི་མོའི་འགྲེལ་བའང་དུང་དཀར་ཚིག་མཛོད་སོགས་བཤུས་འགོད་རེད། དུས་དེབ་ཅེས་པ་ནི། དུས་ཚིགས་ངེས་གཏན་ཡོད་པ་དང་གསར་རྩོམ་གྱི་སྡིངས་ཆ་ཡིན་པ། གསར་སྐྱེས་རྩོམ་པ་པོའི་ཞིང་སར་འགྱུར་རྒྱུ་ཨང་དང་པོ་དེ་ཡིན་མོད། འུ་གོའི་ཤེས་རིག་དུས་དེབ་ཀྱི་ཁ་སྟབས་དེ་འདྲ་ཞིག་རེད།
དེ་ལས་གཞན་སྨྱུག་གསར་ཞེས་པ་ཞིག་འདུག གཏན་ཉིན་སློབ་གྲྭ་བརྒྱད་ཅུ་གྱ་དྲུག་གི་སློབ་མ་རྩེ་ཕུད་དག་གི་རྩོམ་ཡིག་འགོད་ས་ཡིན་ཞེས་འདོན་ཐེངས་སྔ་མ་རྣམས་སུ་གསལ་བོ་འདུག སྤྱི་ལོ་༢༠༢༥ ལོར་འདོན་ཐེངས་ཉེར་བརྒྱད་དམ་ལོ་ཉེར་བརྒྱད་རེད། ཡིན་ནའང་། གསར་བུ་འདིས་ད་དུང་བོད་སྐད་ཏ་མ་ཏིག་ཅིག་ལས་མི་ཤོད་ཀི ཡིན་ནའང་། འདི་དག་འདས་ཟིན་པའི་སྐོར་རེད། ད་དུང་སྐ་རགས་དམ་པོ་ཞིག་བཅངས་རྩིས་མེད་ན། བོད་མིའི་སྒྲིག་འཛུགས་ལ་བོད་ཀྱི་སྐད་ཡིག་གི་བདག་པོར་གྱུར་བའི་གཞུང་ཞིག་གི་ངོས་ནས་སྐད་ཆ་བཤད་རྒྱུའི་འོས་བབ་འདུག་གམ།
བཀའ་ཤག་སྐབས་ ༡༧ པའི་ཕུགས་དམིགས་ཡིག་ཆ་དང་བོད་ཀྱི་སྐད་ཡིག་གཅེས་སྲུང་གི་རྩ་འཛིན་ལམ་སྟོན་ཡིག་ཆ་གཉིས་ཀར་བལྟས་མོད། ད་དུང་སྐད་ཡིག་གི་ཕོར་བ་བཟོ་བའི་ཕུགས་དམིགས་དང་རྩ་འཛིན་གང་ཡང་མི་འདུག ཕ་མ་ལ་ལམ་སྟོན། དགེ་རྒན་ལ་ལམ་སྟོན། སློབ་མ་ལ་ལམ་སྟོན། མི་མང་ལ་ལམ་སྟོན་གཙོ་གནད་དུ་བཟུང་འདུག ཕ་མ་བཟང་བོ་བོད་ན་ཡོད་པ་རེད། དགེ་རྒན་བཟང་པོ་བོད་ན་ཡོད་པ་རེད། སློབ་མ་བཟང་པོ་བོད་ན་ཡོད་པ་རེད། མི་མང་བཟང་པོ་བོད་ན་ཡོད་པ་རེད། དེ་དག་ཡོད་ཀྱང་སྐད་ཡིག་སྲུང་འཛིན་མི་ཐུབ་པའི་གནད་དོན་གང་རེད་དམ། འགག་རྩ་གང་རེད་དམ་ཞེས་འདྲི་ན། དེ་ནི་བོད་སྐད་ཡིག་ལ་བདག་པོ་གཞུང་ཞིག་མེད་པའི་རྐྱེན་གྱིས་རེད། བོད་ན་ག་རེ་ཡོད་པ་མ་རེད། སྐད་ཡིག་ལ་ཕོར་བ་བཟོ་མཁན་གྱི་གཞུང་ཞིག་ཡོད་པ་མ་རེད། དེ་ཁ་སྐོང་ཐུབ་བམ། བརྩེ་བའི་བཙན་བྱོལ་གཞུང་ལགས། ? འདི་ལ་ལན་འདེབས་དགོས་པ་རེད། ཁྲིམས་ཀྱི་རྒྱབ་དཔུང་མེད། དངུལ་གྱི་མ་རྩ་མེད་པའི་སྲིད་བྱུས་སྟོང་བ་དང་ལམ་སྟོན་སྟོང་བ་དག་གིས་་ནམ་རིང་སྒྲུང་གིས་འཁྱོལ་ནི་མ་རེད།
རིག་གནས་གསར་རྗེས་སྐབས་སུའང་འུ་ཚོའི་སྐད་ཡིག་ད་ལྟའི་གནས་བབ་འདིར་ལྷུང་བ་རེད། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གཅིག་བུས་དཀའ་ངལ་བརྒྱ་ཕྲག་གདོང་གི་བསུས་ནས་སྐད་ཡིག་སྲུང་སྐྱོབ་བྱས་པ་རེད། ང་ཚོས་དེར་དཔེར་བལྟས་ནའང་གཞུང་ཞིག་གིས་སྐད་ཡིག་སྲུང་སྐྱོབ་བྱེད་སྟངས་གསལ་བོ་ཡིན། ཁོང་ཞལ་བཞུགས་སྐབས། ལྷ་སར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དར་སྤེལ་གྱི་སྲིད་ཇུས་བཟོས་པ་རེད། ཡིན་ནའང་། སྲིད་བྱུས་ཙམ་གྱིས་སྐད་ཡིག་སྲུང་སྐྱོབ་ལ་ཅི་ཡང་མི་ཕན་པ་། ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་གིས་སྡོམ་འདི་ལྟར་གནང་ཡོད། ༡༩༨༧ ལོར་ཞོན་ཧྭ་རྫོང་བོད་ཡིག་སློབ་འབྲིང་ནང་གཟིགས་སྐོར་ཕེབས་སྐབས་ཀྱི་བཀའ་སློབ་ལས། “ལྷ་སའི་བཤད་སྲོལ་ལྟར་ན་བོད་ཡིག་སྦྱངས་པ་ནི་སྲིད་ཇུས་རང་བཞིན་ཅན་ཞིག་དང་། རྒྱ་ཡིག་སྦྱོང་བ་ནི་ལྟོ་ཕོར་དོན་དུ་རེད། ངས་བོད་ཡིག་འདིས་ས་གནས་ལ་ཕན་ཐོགས་ཡོད་པ་ཞིག་གཏོང་རྒྱུ་ཡིན། ཞེས་གསུངས་ཡོད། དེའི་སྔོན་སྤྱི་ལོ་ ༡༩༨༢ ལོའི་ཟླ་ ༠༩ པའི་ཚེས་ ༣༠ ཉིན་ཀན་ལྷོ་ཁུལ་གྱི་བོད་རིགས་ལས་བྱེད་དང་མི་མང་ལ་བཀའ་སློབ་ལམ་སྟོན་གནང་སྐབས། “བོད་སྐད་ཁྲིད་ན་མདུན་ལམ་མེད་ཟེར་བ་དེ་མདུན་ལམ་ཡོད་པར་བསྒྱུར་དགོས། བོད་ཡིག་བསླབས་ན་ཟ་ཕོར་མེད་ཟེར་བ་དེ་ཟ་ཕོར་ཡོད་པར་བསྒྱུར་དགོས། ཕོར་བ་མི་འདུག་ཟེར་གྱིན་ཡོད་པ་རེད། ངས་བོད་སྐད་ཡིག་གི་ཕོར་བ་བཟོ་རྒྱུ་ཡིན་”ཞེས་གསུངས་ཡོད། བཙན་བྱོལ་གཞུང་ལ་ངས་བོད་སྐད་ཡིག་གི་ཕོར་བ་བཟོ་རྒྱུ་ཡིན་ཞེས་བཤད་པའི་སྤོབས་པ་ཨེ་ཡོད། འགག་རྩ་འདི་རེད།

ཁོང་གིས་བོད་ཡིག་གི་ཕོར་བ་མང་པོ་བཟོས་པ་རེད། སྤྱི་འཐུས་ཚོགས་གཞོན་ནམ་ཨུ་ཡོན་ཀྲང་གཞོན་པ་གཅིག་གི་དབང་ཚད་ཁོ་ནས་བཟོས་པའི་བོད་སྐད་ཡིག་གི་ཕོར་བ་དེ་དག་གི་བཀའ་དྲིན་ལ། བོད་དུ་འབུམ་རམས་པ་དང་ཞིབ་འཇུག་སློབ་མ་གྲངས་ལས་བརྒལ་བ་ཞིག་ཐོན་པ་མ་ཟད། རྩོམ་པ་པོ་མེ་ཏོག་གད་གད་ཀྱིས་བར་ལམ་ཞིག་ལ་བོད་ནང་ནས་རྩོམ་པ་པོའི་ཆུ་གཏེར་བརྡོལ་ཞིང་། བོད་སྐད་ཡིག་བསྐྱར་དར་ཆེན་པོ་ཞིག་བྱས་པ་རེད། ཉེ་བའི་ལོ་ཤས་ནང་བོད་ནང་ནས་གསར་རྩོམ་གྱི་རྒྱུན་ཐག་ཆད་ཅིང་སྐད་ཡིག་ཕོར་བ་རེ་རེ་བཞིན་རྒྱ་གཞུང་གིས་ས་ལ་བརྡབས་ནས་ཡོང་གིན་ཡོད། ད་ནི་སྐད་ཡིག་གི་ཕོར་བ་གཙང་ཕྱག་གི་ཁྲིམས་ཡིག་གཏན་ལ་ཕབ་ཅིང་ལག་བསྟར་གྱི་མགོ་བཙུགས་ཡོད་པས། བཙན་བྱོལ་སྒྲིག་འཛུགས་ཀྱིས་སྐ་རགས་བསྐྱར་དུ་བཅངས་པའི་དུས་ལ་བབས་ཡོད། བླ་ཆེན་ཕྱུག་པོ་དང་ཆོས་ཚོགས་ཕྱུག་པོ་ཚོས་ཀྱང་ངེས་པར་དུ་སྐད་ཡིག་གི་ཕོར་བ་བཟོ་བར་འབད་དགོས་པ་རེད། བོད་སྐད་ཡིག་འཇིག་དུས་ཁྱབ་བྱེད་འཇིག་ཚར་བས། ཁྱབ་བྱེད་འཇིག་ཤུལ་དུ་ཁྱབ་བྱ་གསེར་སྦྱངས་ཀྱི་བཙོ་མ་ལྟ་བུའི་སངས་རྒྱས་ཀྱུ་བསྟན་པ་ཞིག་ཁྱོད་ཚོ་ལྷག་གི་མ་རེད། བརྩེ་བའི་ཆོས་ལུགས་པ་རྣམ་པ་ལགས། བོད་ཀྱི་སྐད་ཡིག་མྱུར་སྐྱོབ་ཀྱི་འགན་ཕྲག་ཏུ་ལེན་པ་ལས་ལྷག་པའི་སངས་རྒྱས་ཀྱི་བསྟན་པ་འཛིན་སྟངས་ཤིག་ཀྱང་ཡོད་པ་མ་རེད་དོ། །

སྐད་ཡིག་གི་ཕོར་བ་བཟོ་བ་ཞེས་པ་ནི། སྐད་ཡིག་ལ་མ་དངུལ་འཇོག་པ། སྐད་ཡིག་གི་བདག་པོ་རྩོམ་པ་པོ་རྣམ་པར་མ་དངུལ་འཇོག་པ། རྩོམ་པ་པོའི་ཁྲོད་ནས་ཀྱང་སྙན་ངག་པ་རྣམ་པར་མ་དངུལ་འཇོག་པ་ནི། སྐད་ཡིག་གི་སྙིང་བོ་བསྲུངས་པ་ཡིན། བོད་ཀྱི་སྐད་ཡིག་གི་བླ་སྲོག་ནི་ཆོས་ལུགས་དང་སྙན་ངག་གཉིས་ཁོ་ན་ཡིན། སྙན་ངག་དང་ཆོས་ལུགས་ཉམས་ཤུལ་དུ་བོད་ཀྱི་སྐད་ཡིག་ཅེས་པ་ཞིག་གཞི་མ་གྲུབ། བོད་སྐད་བཤད་པ་དང་བོད་ཡིག་ཤེས་པ་ཙམ་གྱིས་བོད་དང་བོད་ཀྱི་རིག་གནས་ལ་ཅི་ཡང་མི་ཕན། གཅིག་བྱས་ན། རང་ཉིད་ལའང་དཀའ་ངལ་འཕར་མ་ཞིག་ཡིན་སྲིད། བོད་དང་སངས་རྒྱས་ཀྱི་བསྟན་པ་ལ་ཕན་རེ་ཤིག་ཙམ་མེད་མཁན་ཚོས་བོད་སྐད་བོད་ཡིག་སྦྱོང་བ་ནི་མྱི་ཁའི་ཁྲལ་སྤྲུགས་ཙམ་ཡིན། སྙིང་བོ་ཅི་ཡང་མེད།
བོད་བསམས་ན། གཙོ་བོ་བོད་ཀྱི་སྐད་ཡིག་གི་ལམ་ནས་གསར་རྩོམ་དང་དེའང་སྙན་ངག་གིས་ལམ་ནས་་སམ། བརྗོད་བྱའི་གཙོ་བོ་དེ་སྙན་ཞིང་འཇེབས་པའི་ཚིག་གིས་ལམ་ནས་ཀློག་པ་པོའི་མིག་གི་ཡུལ་དུ་སྟོན་མཁན་རྣམས་ཀྱིས་བོད་སྐད་ཡིག་གི་འཕྲིན་ལས་སྤེལ་ངེས་ལ། དེ་དག་ནི་བོད་དམ་གཞུང་གི་འཇམ་པོའི་སྟོབས་ཤུགས་ཀྱང་ཡིན་ངེས། བོད་ལ་གྲྭ་ཇོའམ་གྲྭ་བཙུན་འབུམ་ཕྲག་མོད་པོ་བྱུང་མྱོང་བ་རེད། དེ་ཚང་མས་བོད་སྐད་གོ་ལ་བོད་ཡིག་ཤེས་མོད། མང་ཆེ་བས་བོད་ལ་ཕན་མེད་ལ་བོད་ཡིག་ལའང་ཕན་མེད། ས་སྐྱ་པཎ་ཆེན། རྗེ་རིན་པོ་ཆེ། འཇུ་མི་ཕམ་དང་རྫ་དཔལ་སྤྲུལ། ཉེ་རབས་མཁས་པ་དགེ་འདུན་ཆོས་འཕེལ་སོགས་ནི་མཁས་པ་ཡིན་པ་མ་ཟད། རྩོམ་པ་པོ་ཡིན་ལ། རྩོམ་པ་པོའི་ནང་ནས་ཀྱང་སྙན་ངག་པ་ཡིན་པས། དེ་དག་གི་གསུང་རབ་ཀྱི་འཕྲིན་ལས་བསྐལ་བའི་བར་དུ་ནུབ་པ་མེད་པར་རླབས་ཕྲེང་མཁའ་ལ་འཕྱོ་བ་དེ་ལྟར་རེད། དེ་ལས་གཞན་གྱི་མཁས་པ་དང་གྲུབ་པ་སྙན་ངག་མི་ཤེས་མཁན་ཚོས་གསུང་རབ་ཀྱི་དོན་ཟབ་ལ། ལྷག་བསམ་གྱིས་སྣེ་དྲངས་ཡོད་མོད། དྲང་མོར་ཞུས་ནས་ཟུར་ཞིག་ནས་རུལ་གྱིན་པ་ནི་སྙན་ངག་པ་མ་ཡིན་པའི་ནོངས་སོ། །དེར་བརྟེན། སྙན་ངག་མི་ཤེས་པའི་ཞིབ་འཇུག་པས་མིང་འཛིན་ཚོས་རྡོ་ཆག་བཙན་སྒྲིག་གི་གསུང་རབ་ཀྱི་རི་རབ་བསླངས་ནའང་། དེ་དག་གི་འཕྲིན་ལས་ནི་ཚད་ཅན་ཞིག་ཡིན། ཐོས་རྒྱ་གོ་རྒྱ་རབ་ཏུ་ཆེ་བའི་སྟེང་འགྲན་ཟླ་བྲལ་བའི་གཏན་ཚིགས་ཀྱི་ཤེད་མོང་ཅན་གྱི་མཁས་དབང་ཟམ་གདོང་བའི་གསུང་རབ་རྣམས་ལའང་འདོད་པ་ཁེངས་པའི་འཕྲིན་ལས་ཤིག་རྒྱས་ཀྱི་མེད་པ་ནི། སྙན་ངག་གི་མཛའ་ན་མོས་རྗེས་སུ་མ་བཟུང་ཁོ་ནས་ནོངས་སོ་ཞེས་སྨྲས་ནའང་ཐལ་ཆ་ག་ལ་ཡོད། །གོང་གི་སྐད་ཆ་འདི་དག་ནི་གང་ཞིག་ལ་ཚིག་གི་མདའ་མོ་འཕངས་པ་མིན་མོད། གཞུང་གིས་ངེས་པར་ཏུ་གནད་འགག་ངོས་འཛིན་གྱིས་ཕུགས་དམིགས་འཛིན་རྒྱུ་གལ་ཆེར་མཐོང་ནས་གང་ལའང་འཛེམ་མེད་དུ་སྨྲས་པའང་ཤེས་དགོས་སོ། །

སྤྱིར་བཏང་སྐད་ཡིག་ཙམ་བསྐྱར་གསོ་བྱེད་པར་དབང་ཚད་ཆ་ཚང་ལྡན་པའི་སྲིད་གཞུང་ཞིག་གི་རྒྱབ་སྐྱོར་ལྡན་ན་ལོ་ངོ་བཅུ་གྲངས་ནང་བསྐྱར་གསོ་བྱེད་ནུས་མོད། སྐད་ཡིག་དེའི་ནང་གི་སྒྱུ་རྩལ་དང་ཆོས་ལུགས་སོགས་རིག་པའི་གཞུང་ལུགས་དག་བསྐྱར་གསོ་བྱེད་པར་ལོ་བརྒྱ་ཕྲག་སྟོང་ཕྲག་དགོས་པ་ཡིན།དཔེར་ན། བོད་ཀྱི་སྐད་ཡིག་གི་ནང་དུ་ནང་བའི་ཆོས་ཀྱི་རིག་པའི་གཞུང་ལུགས་གདན་དྲངས་ནས་ལོ་བརྒྱ་ཕྲག་མང་པོ་འགོར་ཡོད་པ་མ་ཟད། གྲྭ་ཇོ་ཁྲི་འབུམ་མང་པོས་ཚེ་གྲོགས་བུ་ཕྲུག་ཚུན་ཆད་གཏན་འགོག་གི་ལམ་ནས་རིག་གཞུང་འདི་ཉིད་ལ་འཐམས་ནས་ཡོང་བ་རེད། གལ་སྲིད་འདི་དག་ཉམས་ནས་བསྐྱར་གསོ་བྱེད་ནའང་། སྔར་བཞིན་ལམ་དེ་འདྲ་ཞིག་དང་དུས་དེ་འདྲ་ཞིག་དགོས་པ་ཡིན། དེར་བརྟེན། བོད་རང་གི་སྐད་ཡིག་ནང་ཡོད་པའི་ཆོས་ལུགས་དང་སྒྱུ་རྩལ་གྱི་རིག་པའི་གཞུང་ལུགས་གཅིག་གི་ཟུར་ཙམ་ཉམས་པའི་གྱོང་གུད་དེ་བསུབ་ཐབས་བྲལ་ལ། ཉམས་བཅུག་པའི་མི་རབས་འདིའི་ནག་ཉེས་ཀྱང་གནམ་ལ་མི་ཤོང་། མི་རབས་འདི་དང་ལྷག་པར་བཙན་བྱོལ་ནང་ཡོད་པའི་མགོ་སྒྲིག་འཛུགས་དང་བཅས་པར་སྡིག་སྒྲིབ་འདི་ར་འཕྲོད་དགོས་ལ་ར་སྤྲད་པའང་ཡིན་ནོ། །

མདོར་ན། བོད་ཀྱི་སྐད་ཡིག་གལ་ཆེན་དང་རྩ་ཆེན་ཡིན་པ་དེ། བཀའ་བསྟན་དུམ་པ་སུམ་བརྒྱ་ནང་དུ་བཞུགས་ཙམ་མིན་པར། གཞུང་གི་སྟོབས་ཤུགས་ཡིན་པ་དང་། སྐད་ཡིག་འདིའི་འཕེལ་རྒྱས་ནི་བཙན་བྱོལ་སྒྲིག་འཛུགས་ཀྱི་GDP (Gross Domestic Product
) ཙམ་མིན་པར་་GDR (Gross Domestic Regeneration) ཡིན་པའི་ངོས་འཛིན་གསལ་བོ་དང་བཅས་སྐད་ཡིག་འདིའི་ཆེད་དུ་མ་རྩ་འབོར་ཆེན་བཏང་ནས་བཙན་བྱོལ་ནས་བོད་ཡིག་ཤེས་ན་། དེ་ལ་བརྟེན་ནས་འཚོ་བ་སྐྱིད་པོར་སྐྱེལ་ཐུབ་པ་ཞིག་བྱ་རྒྱུ་དེ་བཤད་འདོད་པའི་སྙིང་བོ་ཡིན་ནོ། །

ཏཱ་ལའི་བླ་མའི་ཕྱག་གཡས་པ་ལྟ་བུའི་བུ་མོ་ཞེས་ཀྱང་བསྒྲགས་མྱོང་ཞིང་། དེངས་རབས་ཀྱི་རྒྱལ་སྤྱིའི་མ་འཛུགས་ཁྲོམ་རར་གཡོ་འགུལ་གཏོང་མཁན་གྱི་པོལ་སི་( Pulse fund) ཐེབས་རྩའི་འགན་འཛིན་བོད་ཀྱི་བུ་མོ་བསྟན་འཛིན་གསལ་སྒྲོན་གྱིས། “འགག་རྩ་ནི་མ་རྩ་ཡིན་པ་ལས་ཚན་རིག་མིན་པའི་” ལྟ་ཚུལ་བཏོན་པ་ཟད། སྤྱི་ལོ་ ༡༩༣༥ ལོར་དཔལ་འབྱོར་རིག་པའི་མཁས་དབང་ཧ་ཝར་ཌི་སློབ་གྲྭ་ཆེན་མོའི་སློབ་དཔོན་ Simon Kuznet ལགས་ཀྱིས་གསར་གཏོད་བྱས་པའི་GDP ཡོང་འབབ་རྩིས་ཐོའམ་ག་ཚོད་ཐོན་སྐྱེད་བྱས་པས་སྟོབས་འབྱོར་མཚོན་པའི་ལམ་སྲོལ་རྨང་བསྒུལ་ནས། བོད་ཀྱི་ཐུན་མིན་བསམ་བློ་གཞི་རྐང་བྱས་ཏེ། GDR རྒྱུ་དངོས་ཀྱི་རྩིས་ཐོའམ་ག་ཚོད་བསྐྱར་བསྐྲུན་བྱས་པ་དེས་སྟོབས་འབྱོར་དངོས་མཚོན་པའི་ལྟ་ཚུལ་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གཡོ་འགུལ་བསླངས་བ་ལྟར། འུ་ཚོས་སྐད་ཡིག་ལའང་ད་ལྟའི་གནས་སྐབས་སུ་འགག་རྩ་ངོ་མ་མ་རྩ་ཡིན་ལ། སྐད་ཡིག་འདི་བཙན་བྱོལ་ནས་དར་རྒྱས་བྱུང་ན་བོད་ཀྱི་ GDR ཡར་འཕར་བ་རེད་ཅེས་ཀྱང་ཞུ་བར་འདོད་དོ། །

བཀླགས་གྲངས། 286

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།