རྩོམ་པ་པོའི་ཚོར་བ།
རྩོམ་སྒྲིག་པའི་གཏམ་ནི་དབྱེ་ཞིབ་དང་ཁ་ཕྱོགས་ཀྱིས་གྲུབ་དགོས་པའི་ལྟ་ཚུལ་ཞིག་གིས་མགོ་བཙུགས་ན། གང་ལ་དབྱེ་ཞིབ་བྱེད་པ་དང་གང་གི་ཁ་ཕྱོགས་གསལ་འདོན་བྱེད་ཅེས་པ་དེ་རེད། ཚིག་ཉུང་ཞིག་གིས་གླེང་བསླངས་ན། ཁོར་ཡུག་དང་བརྩེ་བ་ནི། སྨྲ་བསམ་བརྗོད་འདས་ཀྱི་རང་གི་བདེ་སྐྱིད་དང་། རང་ལ་ཤུགས་རྐྱེན་ཆེན་པོ་ཐེབ་མཁན་ཡིན། གྲོགས་མེད་ཁེར་རྐྱང་དུ་ལྷག་ཅེས་པའང་བརྩེ་བ་དང་རང་ལ་འཚམས་པའི་ཁོར་ཡུག་དང་བྲལ་བར་ཟེར། སེམས་ཅན་དུད་འགྲོ་དང་རྩི་ཤིང་མེ་ཏོག་ཅིག་ཡིན་ནའང་། རང་ཉིད་ལ་འཚམས་པའི་ཁོར་ཡུག་རེ་དགོས་པ་ལྟར། ང་ཚོ་ལའང་རང་ཉིད་ལ་འཚམས་པའི་ཁོར་ཡུག་ཅིག་དགོས་པ་ཡིན།
འཚམས་ཀྱི་མཚམས་ནི་འཛིན་པར་དཀའ་ནངའང་། འཚམས་ཞེས་པ་གནམ་གཤིས་ཚ་གྲང་དང་བཟའ་ཆས་གང་འཕྲོད་ཙམ་མིན་པར། དད་མོས་དང་དགའ་ཕྱོགས། རེ་བ་དང་ཤེས་རབ་ལ་འཚམས་པའི་ཁོར་ཡུག་ཅིག་ཡོད་ན། དེ་ནི་བདེ་སྐྱིད་དང་རེ་བའང་ཡིན་ངེས། དེར་བརྟེན། ༢༠༡༦ ལོར་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་ཕ་རེ་སིར་ཕེབས་དུས། གུང་གསེང་སོགས་ཀྱི་སྐབས་སུ་མཉམ་འཛོམས་ཀྱིས་རང་གི་ཆོས་དང་རིག་གཞུང་སྐོར་ལ་གླེང་མོལ་བགྱི་དགོས་པའི་ལམ་སྟོན་གནང་ཡོད། ལམ་སྟོན་དེ་མི་རིགས་དང་རིག་གནས། ཆོས་ལུགས་སོགས་སྲུང་སྐྱོབ་རྒྱུན་འཛིན་དང་འབྲེལ་བ་མ་ཟད། མི་བུ་རང་རང་གི་བདེ་སྐྱིད་དང་། མི་རབས་གསར་བའི་སློབ་གསོ་དང་འབྲེལ་བ་ཞིག་རེད།
མི་ཞིག་ལ་མཚོན་ན། རང་ཉིད་ཀྱི་ཤེས་རབ་དང་རྣམ་དཔྱོད། དད་མོས་དང་ཚོར་བ། བླང་དོར་གྱི་རྣམ་གཞག་སོགས་ཡི་གེར་འབྲིར་མི་ཤེས་ཀྱང་། དེ་དག་རང་གི་ཆོས་དང་རིག་གནས་ཀྱི་སྐྱེད་འབྲས་དང་། དེ་དག་ལ་ཕན་གནོན་གང་བྱས་ཀྱི་དགའ་སྡུག་དང་ལེགས་ཉེས་ཐད་ཀར་རང་ཉིད་ལ་འབྱུང་བས། རང་གི་ཡན་ལག་ཅིག་རེད། ལྷག་པར་རྩོམ་པ་པོ་ཞིག་ལ་མཚོན་ན། རང་གི་བརྩམས་ཆོས་ནི་རང་གི་བུ་ཕྲུག་དང་། རང་གི་ཆོས་དང་རིག་གནས་ནི་དེའི་སྐྱེད་མ་ཡིན་ངེས། འབྲེལ་བ་འདི་ནས་བལྟས་ན། བྱུང་རབས་ལོ་རྒྱུས་ཁྲོད་ཀྱི་རྙོག་དྲ་མང་པོ་ཞིག་ཆོས་ལུགས་དང་འབྲེལ་བར་གོ་བ་ལེན་སླ་ཞིང་། མི་རིགས་རྩ་དོན་དང་བཅས་པ་བློས་བཏང་ནས་ཆོས་ལུགས་འཐེན་འཁྱེར་བྱེད་མཁན་ཚོའང་གང་ཞིག་ལ་བརྩེ་ཞེན་གློད་མ་ཐུབ་པར་བདེན་ཁ་་མི་སྟེར་རང་དབང་མེད་པ་ཞིག་རེད། ཡང་ངོས་འདི་ནས་བལྟས་ན། རང་ཉིད་ལ་རང་ཉིད་ཀྱི་རིག་གནས་དང་ཆོས་ལུགས་ཡོད་མཁན་ཉུང་ཉུང་དང་། ལྷག་པར་རང་གི་རིག་གནས་ཡོད་མཁན་ཧ་ཅང་དཀོན་པས། རང་གི་རིག་གནས་ལ་བརྩེ་བ་ག་ལ་ཡོད། རིག་གནས་པ་ཚོའང་སྤྱོད་ལོག་དང་མི་གཞི་མེད་པ། དཀྲུག་ཤིང་བ། "བྱ་བརྒྱའི་ཁ་ལ་འཁོར་དུས། བྱེའུ་ཕུ་ཤུད་ལྟག་རིང་གི་ཁ་ཐུར་ཕྱོགས་མཁན་" ཞེ་གཅིག་ཡིན་པར་སྙམ་གྱིན་ཡོད། དེ་ལའང་ངས་བདེན་ཁ་སྟེར་ཐུབ་ཀྱི་འདུག སྐྱབས་མགོན་ཡིད་བཞིན་ནོར་བུས་ཆོས་དང་རིག་གནས་ཞེས་ལན་གྲངས་བརྒྱ་སྟོང་ལ་གསུངས་པ་རྣ་བར་བདོ་ཞིང་། དེ་ལ་ཡིད་ཆེས་པ་ཙམ་ལས་མང་པོ་ཞིག་ལ། རང་གི་རིག་གནས་དང་གཞན་གྱི་རིག་གནས་གང་ཡང་མེད་པས། དེ་ཚོས་རང་ཉིད་དང་འབྲེལ་མེད་དོན་གཞན་གྱི་ཆོས་དང་རིག་གནས་ཀྱི་བཟི་བོ་ཚོ་མཐོང་ག་ལ་འདོད། ཡིན་ནའང་། མི་རབས་གསར་བ་ཚོ་ལ་རང་གི་རིག་གནས་མེད་ཀྱང་གཞན་གྱི་རིག་གནས་པར་བརྩི་བཀུར་བྱེད་ཤེས་པ་མ་ཟད། རིག་གནས་བདམ་བསེས་ཀྱང་བྱེད་ཤེས་པ་ཡིན།
རིག་གནས་པ་ཞིག་ལ་མཚོན་ན། ཆང་གིས་བཟི་ནས་ར་རོར་གྱུར་དུས་ཀྱང་རིག་གནས་ཀྱི་གླེང་མོལ་ཡོད་ན། དེའི་བདེ་བ་ནི་བརྩེ་བའི་སྙིང་སྡུག་མའི་ཐོད་ཁར་འོ་ཞིག་བྱས་པ་དང་འདྲ། དེར་བརྟེན། རིག་གནས་པའམ་ཡི་གེ་བ་ཚོར་ཡི་གེ་བའི་ཁོར་ཡུག་ཅིག་ཡོད་ན། དེ་ནི་ཡི་གེ་བ་རང་རང་གི་བདེ་སྐྱིད་དང་འབྲེལ་བ་མ་ཟད། མི་རིགས་ཀྱི་རིག་གཞུང་དང་འབྲེལ་བ་ཞིག་ཀྱང་རེད་ལ། དེ་ནི་ཁོར་ཡུག་དེའི་འོད་ཟེར་དང་རིན་ཐང་ལ་ངོས་བཟུང་ནའང་འགྲིག་པར་འདོད།
རིག་གནས་ཡོད་པ་དང་མེད་པའི་བོད་ཀྱི་ཕ་མ་ཚོས་རང་རང་གི་བྱིས་པར་རང་གི་སྐད་དང་ཡི་གེ་སློབ་པར་རྒྱུ་དང་ཀླད་པ། ཚེགས་དང་བརྩོན་འགྲུས། བཙན་སློབ་དང་བཙན་འདེད་བྱེད་ཀྱི་ཡོད་ནའང་བྱིས་པ་ཚོའི་རང་སྐད་ལྐུགས་ལ་ཤོར་ཡོད། ས་མཐའ་འདིར་བོད་ཀྱི་བྱིས་པ་ཚོར་རང་གི་ཆོས་དང་རིག་གནས་ཀྱི་ཁོར་ཡུག་མེད་པ་ལས་རུས་པ་དང་རྣམ་དཔྱོད་མེད་པ་ག་ལ་ཡིན། བྱིས་པ་ཚོ་གཞན་གྱི་ཆོས་དང་རིག་གནས་ཀྱི་བསྐྱེད་འབྲས་ཤ་སྟག་ཡིན་པས། ཁྱོད་ཀྱི་བསྐྱེད་མ་ཁྱོད་ཀྱི་ཁྲག་རྒྱུན་སྔ་མའི་ཆོས་དང་རིག་གནས་ཡིན་པར་གླེང་ན། དེ་ངོས་ལེན་དཀའ་བ་མ་ཟད་ཡིད་ཆེས་ཀྱང་ཡོད་དཀའ། དོན་དངོས་སུའང་བརྒྱུད་རྒྱུ་ལས་དངོས་རྒྱུ་དབང་བཙན་པ་རྒྱུ་འབྲས་ཀྱི་རིགས་ལམ་རེད།
དེར་བརྟེན། བྱིས་པ་ཚོ་བཙན་གྱིས་རང་གི་ཆོས་དང་རིག་གནས་ཀྱི་ཕྱོགས་སུ་འདེད་པ་ལས། ཆོས་དང་རིག་གནས་ཀྱི་ཁོར་ཡུག་ཅིག་དང་མཁའ་དབུགས་ཤིག་བསྐྲུན་ན། རྣམ་དཔྱོད་ལྡན་པའི་བྱིས་པ་ཚོའང་རང་གི་རིག་གནས་ཀྱི་གནམ་འོག་དེར་སྤྲོ་བ་དང་། ཁོར་ཡུག་དེའི་རིན་ཐང་ཚོར་སྲིད་པས། བྱིས་པ་ཚོས་རང་འགུལ་རང་རྟོགས་ཀྱིས་རང་གི་ཆོས་དང་རིག་གནས་སློབ་སྲིད་པ་ཡིན། ཕ་མའི་བཀའ་ཙམ་དང་རང་གི་རིགས་ཙམ་གྱི་ཞེན་པས་བྱིས་པ་ཚོ་འགུག་མི་ཐུབ་པ་ཧ་ཅང་གསལ་བོ་དང་། རྣམ་དཔྱོད་མེད་པའི་ཐབས་ཤེས་སྣ་མང་ཞིག་བཀོལ་ཏེ་སེམས་ཁྲལ་བྱས་ནའང་དེ་ནི་རང་གཞན་གཉིས་ཀྱི་སྡུག་བསྔལ་ལས་ཅི་ཡང་མ་རེད། འཛམ་གླིང་གི་སྤྱི་ནོར་དུ་འོས་པའི་བོད་ཀྱི་རིག་གནས་བེད་སྤྱོད་མི་ཐུབ་ན་བོད་སྐད་ཙམ་བཤད་ཤེས། བོད་ཡིག་ཙམ་བཀླགས་ཤེས་ནའང་དེས་བདག་གཞན་གང་ལའང་ཕན་འདོགས་མི་ནུས་པ་ཡིན།
དེར་བརྟེན། "མཆོད་རྟེན་ལ་འགྲོགས་ན་དཀར་པོ། །སླ་ང་ལ་འགྲོགས་ན་ནག་པོ། །"ཞེས་པའི་དཔེ་ལྟར་བྱིས་པ་ཚོ་ལའང་ཁོར་ཡུག་བསྐྲུན་རྒྱུ་གནད་ཀྱི་དོན་པོ་ཡིན། ས་ཐོག་ནས་སློབ་གྲྭ་འཛུགས་པ་དང་དགོན་པ་བསྐྲུན་པ། བོད་ཀྱི་གྲོང་སྡེ་བསྐྲུན་པ་སོགས་ཀྱི་འཇོན་ཐང་མེད་ནའང་། དྲ་ཐོག་གི་ཁོར་ཡུག་ཡག་པོ་ཞིག་ཡོད་ན་རྣམ་དཔྱོད་ལྡན་པའི་བྱིས་པ་ཚོས་ཏན་ཏན་དང་ལེན་བྱེད་ངེས་པ་ཡིན།
ཟ་ཚུལ་འཐུང་ཚུལ་དང་། སྐྱོན་འཛུགས་དང་ཕྱོགས་རིས་ཀྱི་འཁོར་ལོ་བསྐོར་སའི་སྤྱི་ཚོགས་དྲ་ལམ་ཁག་ནི་དུས་ཚོད་ཀྱི་གཉེན་པོ་དང་མེ་ལོང་གཞན་ཞིག་ཡིན་ནའང་། ཆབ་སྲིད་པས་ཁྱི་བཞིན་ཁྲིད་པའི་དྲ་དཔོན་ཚོས་ལྕེ་དམར་རྐན་ལ་རྡེབ་ས་དང་། ནག་རྒྱག་པཎྡིཏ་ཚོས་མཁས་རྟགས་ཁྲོམ་བསྒྲགས་བྱེད་སའི་སྤྱི་ཚོགས་བརྒྱུད་ལམ་ཁག་ལ། རྣམ་དཔྱོད་ལྡན་པའི་བྱིས་པ་ཚོ་སྐྱུག་མེར་ཞིང་ཡིད་ཆད་ཀྱིན་ཡོད། དེའི་ཕྱིར། བོད་ཀྱི་ཡི་གེ་བའི་ཁོར་ཡུག་དྭངས་གཙང་ཞིག་གི་སྐྱ་ཐིག་ཕབ་ཡོད། འདི་རྩོམ་པ་པོའི་ཚོར་བ་མངོན་དུ་གྱུར་བ་ཞིག་རེད།
སྤྱི་ལོ་ ༢༠༢༣ ཟླ་ ༠༣ ཚེས་ ༢༡ ཉིན།
བཀླགས་གྲངས། 571