Back To Top

ཧྥ་ཇག་རྩོམ་སྒྲིག་པའི་གཏམ།
རྒྱལ་སྤྱིའི་དགོད་གཏམ།

༼ མཱ་ཁུག་རོང་གི་བཤད་ཐལ། ཡུ་རོབ་ཀྱི་འཐབ་བྱུས་རང་ཚུགས། འཐབ་བྱུས་མཛའ་གྲོགས། ཐེ་ཝན་གྱི་བདེ་འཇགས།༽

ཟླ་འདིར་ཧྥ་རན་སིའི་སྲིད་འཛིན་མཱ་ཁུག་རོང་རྒྱ་ནག་ལ་འཚམས་གཟིགས་སུ་བསྐྱོད་ནས། ཕྱིར་ཕེབས་སྐབས་ལམ་དབར་གྱི་གསར་འགོད་པའི་དྲི་བར་ ‘‘ཐེ་ཝན་གྱི་བདེ་འཇགས་ནི་ཡུ་རོབ་ཀྱི་གནད་དོན་མིན་’’པའི་བཤད་ཐལ་ཤོར་ཞིང་། ཁོང་རྒྱ་ནག་ལ་བསྐྱོད་པའི་ཐོག་མའི་དམིགས་ཡུལ་དེ་ལྟར་མིན་ནའང་། བཤད་ཐལ་ཤོར་རྗེས་སུ་གསར་ལམ་ཁག་ཏུ་ཐེ་ཝན་གནད་དོན་གྱི་ཐད་ནས་རྒྱ་ནག་གི་བསམ་ཚུལ་ལ་‘བསམ་ཤེས་’བྱེད་དགོས་ཚུལ་འདི་ལྟར་བཤད་ཡོད། ‘‘རང་ཉིད་ཡུ་རོབ་པ་ཞིག་ཡིན་པའི་ངོས་ནས། ང་ཚོས་ཡུ་རོབ་གཅིག་གྱུར་ལ་སེམས་འཁུར་བྱེད་བཞིན་པ་ལྟར། རྒྱ་ནག་པ་ཚོས་ཀྱང་རང་གི་གཅིག་གྱུར་ལ་སེམས་འཁུར་བྱེད་བཞིན་ཡོད། ཁོ་ཚོའི་ཕྱོགས་ངོས་ནས་བལྟ་ཞིབ་དང་བསམ་གཞིགས་བྱས་ཚེ། ཐེ་ཝན་ནི་(གཅིག་གྱུར་འདིའི་ཁོངས་སུ་ཚུད་པའི)མ་ལག་གི་ཆ་ཤས་ཤིག་ཆགས་ཡོད།’’ཅེས་དང་། ‘‘ཐེ་ཝན་གནད་དོན་གྱི་ཐད་ནས་ཡུ་རོབ་ཨ་རིའི་རྗེས་འདེད་པ་འདྲ་བོ་རེད། ཨ་རི་དང་རྒྱ་ནག་དབར་གྱི་འགལ་ཟླའི་ནང་མི་ཚུད་པ་དགོས་ཚེ། ཡུ་རོབ་ངེས་པར་དུ་[འཐབ་བྱུས་རང་ཚུགས་]དགོས་པ་དེ་རེད’’་ཅེས་གསལ་ཁ་བཏོད་ནས་བཤད།

ད་ལྟའི་ཆར་ཡུ་རོབ་དོན་ངོ་མས་ཐོག་ལམ་གྱི་བཞི་མདོར་སླེབས་ཡོད། རྒྱ་ནག་ལ་བཟུང་བའི་ལངས་ཕྱོགས་ནི་ནམ་རྒྱུན་བཤད་པ་ལྟར། འབྲེལ་ལམ་གྱི་ཆ་ནས་མཐུན་གྲོགས་དང་། དཔལ་འབྱོར་ཆ་ནས་འགྲན་ཟླ། ལམ་ལུགས་ཀྱི་ཆ་ནས་ཁ་གཏད་བཅས་ཟུར་གསུམ་མའི་མིག་མང་རྩེད་བཞིན་ཡོད། མཱ་ཁུག་རོང་གི་[ཡུ་རོབ་འཐབ་བྱུས་རང་ཚུགས་]ཀྱི་ལྟ་ཚུལ་ལ་གཞི་རྩའི་ཆ་ནས་སྦིར་སེལ་(Brussels)དང་སྤིར་ལིན།(Berlin) ཧྭ་ཤིན་ཊོན་(Washington)སོགས་ཀྱིས་མོས་མཐུན་བྱེད་ཀྱིན་ཡོད། ར་ཡུའི་དམག་འཁྲུག་བྱུང་བ་ནས་བཟུང་མི་མང་བོ་ཞིག་གིས་ཕུགས་རྒྱང་རིང་བོར་བསམ་གཞིགས་བྱས་ཚེ། ཨ་རི་རྒྱབ་ལ་གབ་ནས་སྲུང་སྐྱོབ་ལ་རེ་བ་ནི། ཡུ་རོབ་ཀྱི་ཆེས་མི་འདང་བའི་ཕྱོགས་ངོས་དེ་ཡིན་པར་ངོས་འཛིན་འཐོབ་ཡོད། ཡིན་ན་ཡང་། འདི་རྒྱ་ནག་དང་ལྷན་དུ་བྱེད་དགོས་པའི་གོ་དོན་མིན་ལ། རྒྱ་ནག་ལ་ཁ་གཏོད་གཅོད་ཆེད་ཀྱང་མིན། མདོ་དོན་ནི་རྒྱ་ནག་གི་དབང་གིས་ཡུ་རོབ་ལ་སྔར་ལས་ལྷག་པའི་[འཐབ་བྱུས་རང་ཚུགས་]དགོས་པ་དེ་ཡིན།ཐེ་ཝན་གྱི་གནད་དོན་ནི་ང་ཚོས་བསམ་པ་ལྟར་གླིང་ཕྲན་ཆུང་ཆུང་ཞིག་གི་བདེ་འཇགས་ཀྱི་གནད་དོན་ཞིག་དང་། ཡང་ན་རྒྱ་ནག་གིས་བཤད་པ་ལྟར་ཁོའི་ནང་སྲིད་ཀྱི་གནད་དོན་ཞིག་གཏན་ནས་མིན། ཡུ་རོབ་དང་ཨ་རིའི་དབུ་འཁྲིད་སུ་ཞིག་ལ་མཚོན་ནའང་ཐེ་ཝན་གྱི་གནད་དོན་ལ་དོ་ཁུར་མ་བྱས་ཐབས་མེད་ཡིན། གལ་སྲིད་རྒྱ་ནག་གིས་བཙན་ཤེད་ཀྱིས་ཐེ་ཝན་ཁྱུར་མིད་བཏང་ཚེ། གོ་ལ་ཧྲིལ་བོར་ཕུགས་རྒྱང་རིང་བའི་ཤུགས་རྐྱེན་ཐེབས་ངེས་ཤིང་། ཧྥ་རན་སིའི་རྒྱལ་ས་ཕ་རི་སི་(Paris)དང་ཨ་རིའི་གྲོང་ཁྱེར་ཕེའོ་རི་ཡ་(Peoria)ནི་ཤུགས་རྐྱེན་དེ་གང་མགྱོགས་མྱོང་མཁན་གྱི་གྲོང་ཁྱེར་གཙོ་བོ་གཉིས་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད། ནུབ་ཕྱོགས་པས་ཐེ་ཝན་ལ་རྒྱབ་སྐྱོར་བྱེད་པར་རྒྱུ་མཚན་ཆེན་པོ་གསུམ་ཡོད། དང་བོ་ནི་འཛམ་གླིང་གི་ཆབ་སྲིད་རང་དབང་གི་མདུན་ལམ་དང་། གཞན་དེ་གོ་ལ་ཧྲིལ་བོའི་དབང་ཤུགས་འདྲ་མཉམ། གསུམ་པ་ནི་འཛམ་གླིང་དཔལ་འབྱོར་དང་འབྲེལ་བ་ཤུགས་ཆེར་ཡོད། རྒྱུ་མཚན་འདི་གསུམ་ཐེ་ཝན་སྟེང་ཕྱོགས་གཅིག་ཏུ་བསྒྲིལ་ན། པེ་ཅིན་ལ་འགོག་རྒོལ་བྱེད་པ་ནི་མི་ཚང་མས་ལས་སླ་བོར་ཁས་ལེན་ཐུབ་པའི་གནད་དོན་ཞིག་ཆགས་ཡོད།


པེ་ཅིན་གཞུང་ལ་མཚོན་ན། དམར་ཕྱོགས་ཚོགས་པ་གཅིག་བུས་རྒྱ་ནག་ལ་དབང་སྒྱུར་བྱེད་པ་ནི་མཚར་སྡུག་ལྡན་པའི་ལམ་ལུགས་ཤིག་ཡིན་པར་ཡིད་ཆེས་བྱེད་ཀྱིན་ཡོད་ལ། ཨ་རིའི་གཙོས་པའི་ནུབ་ཕྱོགས་པས་རང་དབང་དང་དམངས་གཙོའི་རིན་ཐང་ལྟ་ཚུལ་རྒྱ་བསྐྱེད་དང་རྒྱུན་འཁྱོངས་བྱེད་པ་མཚམས་འཇོག་དགོས་པའི་ངོས་འཛིན་བྱེད་ཀྱིན་ཡོད། ཁོས་ལམ་ལུགས་དང་རིན་ཐང་ལྟ་ཚུལ་དེ་རིགས་ནུབ་ཕྱོགས་ནས་ལམ་ལྷོང་མ་བྱུང་བར་ཕམ་ཉེས་བྱུང་བཞིན་ཡོད་པ་མ་ཟད། རྒྱ་ནག་ལྟ་བུའི་རིག་གནས་ཚོགས་སྡེ་ཞིག་ལ་མཚོན་ན་གོད་ཆག་དང་གནོད་འཚེ་ཞིག་ཡིན་པར་བརྗོད་ཀྱིན་ཡོད། འོན་ཀྱང་། ད་ལྟ་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་ཉིན་རེ་ནས་ཉིན་རེར་དཀྲག་མདངས་མངོན་བཞིན་པའི་ཐེ་ཝན་ནི། རྒྱ་ནག་གི་རིག་གནས་དང་དམངས་གཙོའི་ལམ་ལུགས་གཉིས་དབྱེར་མེད་ཀུན་འདུས་ཀྱི་དཔེ་མཚོན་གསོན་པོ་ཞིག་དང་། ཐེ་ཝན་གྱི་འཚོ་གནས་དེས་མ་འོངས་རྒྱ་ནག་སྐམ་སར་འཛིན་སྐྱོང་ཇི་འདྲ་ཐུབ་མིན་ལ་རེ་བའི་མེ་ལྕེ་ཞིག་ཀྱང་སྦར་ཡོད། པེ་ཅིན་གཞུང་གིས་ཧོང་ཀོང་གི་དམངས་གཙོའི་རེ་བ་རྩ་གཏོར་དུ་བཏང་ཚར་ཡོད། ད་དུང་མུ་མཐུད་ནས་ཞི་ཅིན་ཕིན་ལ་ཐེ་ཝན་ཐོག་གཅིག་མཚུངས་སུ་བྱེད་དུ་བཅུགས་ཚེ། སྒེར་སྤྱོད་དབང་སྒྱུར་དེ་རྒྱའི་རིག་གནས་ཁྱབ་ཁོངས་ཀྱི་ཡུ་གྲུའི་ནང་སིམ་འཛུལ་རྒྱ་བསྐྱེད་དང་གཞི་ཚུགས་སྲ་བརྟན་ཆགས་ངེས་ཡིན་ཞིང་། དེས་འཛམ་གླིང་ཆབ་སྲིད་ཀྱི་མདུན་ལམ་ལ་ཤུགས་རྐྱེན་ངན་པ་ཞིག་འཇོག་ངེས་པ་ཡིན།

ཧིན་ངྷི་དང་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་དུ་དབྱར་མཚོ་ལྟར་རྒྱས་བཞིན་པའི་དམངས་གཙོའི་རྒྱལ་ཁབ་དག་ལས། འཇར་པན་དང་ཀོ་རི་ཡ། ཨོ་སུ་ཊི་ལི་ཡ་སོགས་ནི་བདེ་འཇགས་ཁག་ཐེག་གི་ཆ་ནས། ཚད་གཞི་ངེས་ཅན་ཐོག་ཨ་རི་ལ་ཁེན་མཁན་རིགས་ཀྱི་དཔེ་མཚོན་དུ་བགྲངས་ཆོག གལ་སྲིད་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་ལམ། ཡང་ན། འདོད་མོས་མེད་བཞིན་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལྟ་བུའི་ཆབ་སྲིད་མཉམ་འབྲེལ་ནང་བཅུགས་ནས་ཐེ་ཝན་གྱི་རང་སྐྱོང་རྩ་མེད་དུ་བཏང་ཚེ། མངའ་ཁུལ་འདིའི་ཨ་རིའི་སྟོབས་ཤུགས་ཉམ་ཆག་ཏུ་འགྲོ་ངེས་ཤིང་། ཧིན་ངྷི་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་གིས་ཀྱང་མ་འོངས་རང་གི་མདུན་ལམ་དང་། མངའ་ཁུལ་དེའི་སྟོབས་ཤུགས་གསར་པ་རྒྱ་ནག་ལ་དོ་ཕོག་མི་འགྲོ་ཆེད། རང་གི་ཕྱི་འབྲེལ་དང་ནང་གི་སྲིད་ཇུས་ལ་འགྱུར་བ་བཏང་ནས་བསུ་མ་བྱེད་ངེས་ཡིན། ཧིན་ངྷི་དང་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་གྱི་མི་འབོར་དང་ཐོན་སྐྱེད་ཀྱིས་འཛམ་གླིང་གི་སུམ་ཆའི་གཉིས་ཟིན་ཡོད་པ་དེས། གལ་སྲིད་རྒྱ་ནག་གིས་ད་ལྟའི་ཨ་རི་ལྟར་མངའ་ཁུལ་དེའི་སྟོབས་ཤུགས་ལ་སྣེ་འཁྲིད་བྱས་ན། དེ་རང་བཞིན་གྱིས་གོ་ལ་ཧྲིལ་བོ་ཅན་དུ་ཆགས་འགྲོ་ཞིང་། ཁྱིམ་འཚེས་རྒྱལ་ཁབ་དག་གི་སྨྲ་བརྗོད་དང་འགྲོ་འདུག་གིས་མཚོན་པའི་རང་དབང་དང་ལམ་ལུགས་ད་ལྟའི་ཧོང་ཀོང་བཞིན་འགྱུར་བས། ཤུགས་རྐྱེན་དེའི་མཇུག་འབྲས་ཅི་ཡོང་ད་ལྟ་ནས་ང་ཚོས་མཐོང་ཐུབ་པ་ཞིག་ཡིན། དེར་བརྟེན། རྒྱ་ནག་གིས་ཨ་རིའི་ཚབ་ཏུ་འཛམ་གླིང་ལ་སྣེ་འཁྲིད་ཀྱི་སྟོབས་ཤུགས་བརྗེ་སྒྱུར་གྱི་འགྱུར་འགྲོས་ཁྲོད། ཡུ་རོབ་ལ་དེས་ཤུགས་རྐྱེན་མི་ཐེབས་པའི་བསམ་ཚུལ་ནི ‘‘རྒྱལ་སྤྱིའི་དགོད་གཏམ་’’ཙམ་ཡིན།

མངའ་ཁུལ་སྟོབས་ཤུགས་ལ་སྣེ་འཁྲིད་ཅེས་བརྗོད་སྐབས། འདི་སྲིད་དོན་ཐ་སྙད་ཙམ་ལས་མི་མང་བྱིངས་དང་ཕལ་བ་ཚོར་འབྲེལ་མེད་ལྟ་བུར་སྣང་ཡང་། ཐེ་ཝན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་དེ་དམིགས་བསལ་བ་ཞིག་ཡིན་པས། གླིང་ཕྲན་ཆུང་ཆུང་འདི་སྟོབས་ཤུགས་གསར་པ་ཞིག་གི་སྟངས་འཛིན་འོག་ཤོར་ཚེ། དེས་འཛམ་གླིང་ཧྲིལ་བོའི་འཚོ་བའི་གནས་ཚད་ལ་ཚབས་ཆེའི་ཤུགས་རྐྱེན་གསར་པ་ཞིག་ཐེབས་ངེས་པ་དེ་ཡིན། འཛམ་གླིང་སྟེང་གི་བརྒྱ་ཆའི་དྲུག་ཅུ་བརྒལ་བའི་གློག་རྡུལ་འཕྲུལ་རྩལ་གྱི་ཕྱེད་འདྲེན་གཟུགས་(Semi-Conductor)ཐེ་ཝན་གྱིས་བཟོ་བསྐྲུན་བྱེད་ཀྱི་ཡོད་ལ། བརྒྱ་ཆའི་དགུ་བཅུ་བརྒལ་བའི་ཆེས་ཞིབ་ཚགས་ཀྱི་ཕྱེད་འདྲེན་གཟུགས་(Most Sophisticated Semi-Conductor)ཡང་ཐེ་ཝན་ནས་ཐོན་སྐྱེད་བྱེད་ཀྱིན་ཡོད། ཁ་པར་ནས་རླངས་འཁོར་དང་། དེ་ནས་བཟོ་ཚོང་འཕྲུལ་རྩལ་གྱི་མ་ལག་སོགས། དེང་རབས་འཚོ་བའི་ཁྲོད་ཀྱི་མཁོ་ཆས་ཚང་མས་ཐེ་ཝན་གྱི་གློག་རྡུལ་འཕྲུལ་རྩལ་གྱི་འདུས་ཉིང (CHIP)བཀོལ་སྤྱོད་བྱེད་ཀྱིན་ཡོད། ར་ཤི་ཡས་ཡུ་ཁུ་རེན་གྱི་ཆུ་གློག་ས་ཚུགས་ལ་གཏོར་རྒོལ་བཏང་བ་ལྟར། ཐོན་སྐྱེད་འཕྲུལ་དངོས་འདི་རིགས་ཀྱི་བཟོ་གྲྭར་གཏོར་བཅོམ་བཏང་བའམ། ཤུལ་ལྷག་བཟོ་གྲྭ་ཁག་རྒྱ་ནག་གི་སྟངས་འཛིན་འོག་ཤོར་བ་ཡིན་ཚེ། འདིས་བསྐྲུན་པའི་དཔལ་འབྱོར་ཤུགས་རྐྱེན་དེ་ཧ་ཅང་གི་ཚབས་ཆེ་བའི་ཐོག འཛམ་གླིང་སྟེང་གི་ཆེས་སྔོན་ཐོན་གྱི་ཕྱེད་འདྲེན་གཟུགས་ལ་སྟངས་འཛིན་བྱེད་པ་ནི། གོ་ལ་ཧྲིལ་བོའི་དཔལ་འབྱོར་གྱི་སྙིང་རྩར་སྤར་འཛིན་བྱས་པ་དང་གཉིས་སུ་མེད་པ་ཡིན། དེར་བརྟེན། ཆབ་སྲིད་རང་དབང་གི་མདུན་ལམ་དང་མངའ་ཁུལ་དབང་ཤུགས་འདྲ་མཉམ་གྱི་ཐབས་བྱུས། འཛམ་གླིང་དཔལ་འབྱོར་གྱི་འབྲེལ་གྲུབ་གསུམ་དཀྱུས་གཅིག་ལ་བཞག་ནས་བལྟས་ཚེ། ད་གཟོད་ཐེ་ཝན་གྱི་རྒྱལ་སྤྱིའི་གལ་ཆེའི་གནས་བབ་དེ་མཐོང་ཐུབ།

ཡང་ཕྱོགས་ངོས་གཞན་ནས་བཤད་ན། སྲིད་འཛིན་མཱ་ཁུག་རོང་གིས་རྒྱ་ནག་དང་ལྷན་དུ་གོ་ལ་ཧྲིལ་བོའི་[འཐབ་བྱུས་མཛའ་གྲོགས་]བཟོ་འདོད་དེས། རྒྱ་ཆེ་ས་ནས་གཅིག་མཐུན་ཡིན་པའི་ཡུ་རོབ་རྒྱལ་ཁབ་ནང་ཁུལ་ལ་འགལ་ཟླ་བཟོ་ཉེན་ཡོད་པ་མ་ཟད། དེས་ཡུ་རོབ་ཁ་འཐོར་དུ་གཏོང་བར་ཉེན་ཁ་བཟོ་བཞིན་ཡོད། ཕྱི་ལོ་ ༢༠༢༡་ལོར་ལི་ཐོ་ནི་ཡས་(Lithuania)རང་གི་རྒྱལ་སར་ཐེ་ཝན་དོན་གཅོད་འཛུགས་པར་ཆོག་མཆན་གནང་རྗེས་རྒྱ་ནག་གིས་རྒྱལ་ཁབ་དེར་དཔལ་འབྱོར་ཉེས་ཆད་བཅད་ཡོད། ཟླ་བ་སྔོན་མའི་ནང་ཡུ་རོབ་མཉམ་འབྲེལ་གྱིས་དཔལ་འབྱོར་གྱི་གནོན་ཤུགས་སྤྲོད་མཁན་གྱི་རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་། དེ་ལ་ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་ཚོང་འབྲེལ་བཀག་རྒྱའི་ཡ་ལན་སྤྲོད་རྒྱུའི་གྲོས་ཆོད་བཞག་ཡོད། ཡུ་རོབ་དང་ཨ་རིའི་བར་འགལ་ཟླ་བཟོ་རྒྱུ་ནི་སྲིད་འཛིན་མཱ་ཁུག་རོང་རྒྱ་ནག་ཏུ་མཚམས་གཟིགས་སྐབས་ཀྱི་པེ་ཅིན་གྱི་རེ་བ་ཕྱོགས་ཤིག་ཡིན་པ་སྔ་གཞུག་ཏུ་མངོན་ཡོད་ལ། ཞི་ཅིན་ཕིན་གྱིས་རྒྱ་ནག་གིས་སྲིད་འཛིན་མཱ་ཁུག་རོང་གི་[ཡུ་རོབ་འཐབ་བྱུས་རང་ཚུགས་]ཀྱི་རེ་སྙེག་ལ་རྒྱབ་སྐྱོབ་ཡོད་ཚུལ་བཤད་པ་ནི། ཡུ་རོབ་དང་ཨ་རིའི་དབར་གང་འཚམ་གྱི་བར་ཐག་ཅིག་འཛིན་དགོས་པར་སྟབས་བདེའི་བཤད་སྟངས་ཤིག་ཡིན་པར་ངོས་འཛིན་བྱས་ཆོག
སྤྱི་ལོ་ ༢༠༢༣ ཟླ་ ༠༤ ཚེས་ ༢༡ ཉིན།

བཀླགས་གྲངས། 675

2023-04-28 མྱི་ལྡང་།
2023-04-28 རྡོ་གོར་མོ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།