ཧྥ་ཇག་རྩོམ་སྒྲིག་པའི་གཏམ།
རིན་ཐང་འཚོལ་བ།
གསར་གཏོད་སྲོལ་འབྱེད་ཀྱི་རིན་ཐང་དང་བཀའ་དྲིན་ལ་ཚད་གཞི་མེད། སངས་རྒྱས་ཀྱི་རྗེས་འཇུག་མཁས་གྲུབ་གསེར་རིའི་ཕྲེང་བ་ཚར་དུ་དངར་བ་ཞིག་བྱོན་ཡོད་ནའང་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ལས་བསྟན་དང་འགྲོ་བར་བཀའ་དྲིན་ཆེ་བ་མེད། ཁོང་གཉིས་ཀྱི་རིན་ཐང་དང་བཀའ་དྲིན་ཡང་གསར་གཏོད་ཀྱི་རིན་ཐང་ཡིན། བོད་ཀྱི་ཐུན་མོང་རིག་གནས་ཀྱི་ངོས་ཐད་ནས་གླེང་ནའང་དགེ་ཆོས་དང་དོན་འགྲུབ་རྒྱལ་གཉིས་འཆི་མེད་རྒས་མེད་ཀྱི་གླེང་གཞི་ཡིན་པ་དེའང་གསར་གཏོད་ཀྱི་རིན་ཐང་རེད།
སྒྱུ་རྩལ་ནི་བསམ་བློ་ཚོར་བ་ཅན་ཞིག་དང་དངོས་ཡོད་དངོས་བསྟན་གྱི་དྲང་དོན་རིག་པ་ཞིག་ཡིན། སྒྱུ་རྩལ་ཚོར་བ་དང་འབྲེལ་བས་ཆ་ནས་མཚན་ཉིད་རིག་པ་དང་གསར་འགྱུར་སོགས་ལས་ལོགས་སུ་དབྱེ་བ་དང་། དངོས་ཡོད་དངོས་བསྟན་དུ་བྱས་པའི་ཆ་ནས་སྒྲོ་འདོགས་དང་སྐུར་འདེབས་ཀྱི་གྲལ་དུ་མ་ཚུད་པ་ཡིན། བསམ་བློ་དང་འཆར་ཡན་གཞི་གཅིག་ཏུ་སྦྲེལ་བས་གསར་གཏོད་དང་སྣེ་ཁྲིད་ཀྱི་བློ་སྒོ་འབྱེད་པའི་ནུས་པ་ཅན་ཡིན། ཡིན་ནའང་། དྲང་དོན་ལྡེམ་པ་ཅན་གྱི་དངོས་དོན་འཚོལ་མི་ཤེས་པ་དག་གིས་སྒྱུ་རྩལ་ནི་གོ་མེད་ཚོར་མེད་ཀྱི་ལབ་བརྡོལ་ཙམ་ལས་གཞན་དུ་མཐོང་མི་ཐུབ།
ཚིག་རྡོག་འདི་འདྲ་གཉིས་གནམ་རྡོ་ཞིག་དང་འདྲ་བར་ལྟིག་སེ་གཡུགས་ན་སུས་ཀྱང་གོ་མི་སྲིད་མོད། དངོས་དཔེའི་སྟེང་དུ་བབས་ནས་བལྟས་ན། ད་གཟོད་བདེན་པའི་ངོས་ཟིན་ཐོབ་པ་ཡིན། ཉེ་བའི་ཆར་རྒྱལ་སྤྱིའི་གླེང་གཞིར་གྱུར་བའི་པདྨ་ཚེ་བརྟན་དང་ཁོང་གི་གློག་བརྙན་ནི་གོང་གི་ཚིག་རྡོག་དེ་གཉིས་ཀྱི་དངོས་དཔེ་ཞིག་རེད། པདྨ་ནི་བོད་ཀྱི་བུ་ཞིག་ནང་བའི་ཆོས་དང་མ་འབྲེལ་བར་གསར་གཏོད་ཀྱི་བསམ་བློ་དང་སྒྱུ་རྩལ་བརྩམས་ཆོས་ཀྱི་ཐད་ནས་རྒྱལ་སྤྱིར་གྲགས་པའི་ལོ་རྒྱུས་ཀྱི་ཟིན་ཐོ་ཞིག་རེད།
པདྨའི་སྔོན་དང་པདྨའི་སྐབས་སུ། བོད་བརྗོད་གཞི་བྱས་པའི་དངོས་བཤུས་གློག་བརྙན་དང་ཚོང་རའི་གློག་བརྙན། དགོས་པ་ཅན་གྱི་གློག་བརྙན་མང་པོ་ཞིག་བྱུང་མོད། མང་ཆེ་བས་བསམ་བློའི་ཐད་ནས་དད་པ་དང་དམ་ཚིག རྗེས་ལུས་དང་ཀླ་ཀློ་གཙོ་བོར་བཟུང་ཡོད་ནའང་པདྨའི་གློག་བརྙན་དག་གིས་སྒྱུ་རྩལ་དང་བསམ་བློའི་རིན་ཐང་། རིག་གནས་ཀྱི་འགལ་ཟླ་གཙོ་བོར་བཟུང་ཡོད། དེ་དག་གིས་དུས་ཀྱི་ཆ་ནས་དབྱར་ཁ་དང་ཤོམ་ལྭ་འཕྱོར་བོ་གྱོན་དུས་དང་། ཆེད་སྒྲིག་གིས་རྟ་རྒྱུག་དང་བསྟོད་གླུ་སྐྱེལ་དགོས་པའི་ཁྲ་ཆིལ་དགུ་ཆིལ་གྱི་མཛད་སྒོའི་སྐབས་སོགས་བཙལ་ཏེ། ཡུལ་ལྗོངས་ཀྱི་ཐད་ནས་གངས་རི་དང་རྩྭ་ཐང་། དགོན་པ་དང་དར་ལྕོག་སོགས་ལ་ཤེལ་མིག་བསྐོར་ཡོད་ནའང་། པདྨའི་གློག་བརྙན་མང་ཆེ་བའི་ཤེལ་མིག་དུས་ཀྱི་ཆ་ནས་དབྱར་ལས་དགུན་དང་། ཡུལ་གྱི་ཆ་ནས་སྔོ་ཞིང་བསངས་པའི་ནམ་མཁའ་དང་མཚོ་མོ། ཕྲ་ཆིལ་དགུ་ཆིལ་གྱི་སྤངས་རི་དང་རྩྭ་ཐང་ལས་གྱང་རལ་དང་སྲང་ལམ། ལྕགས་དྲ་དང་བཤུས་ར། གནས་ཀྱི་ཆ་ནས་དགོན་པ་དང་སྦྲ་ནག། མཛད་སྒོ་དང་དུས་སྟོན་ལས་གློག་བརྙན་ཁང་དང་ཇ་ཁང་། སྐྲ་བཞར་ཁང་དང་སྨན་ཁང་། མིའི་ཆ་ནས་ཆོས་ལུགས་པ་དང་མཇལ་སྐོར་བ། རོགས་སྐྱོར་བ་དང་སྐུ་དྲག་མི་དྲག་སོགས་མིན་པར་སྤྱིར་བཏང་གི་འབྲོག་པ་དང་ཚོང་བ། ལག་དམར་སོགས་ལ་ཤེལ་མིག་བསྐོར་ཏེ། གངས་ལྗོངས་ལྷ་ཡི་ཞིང་ཁམས་ནའང་དགའ་སྐྱོ་སྤེལ་མར་མྱོང་བའི་མི་སྡེ་སྤྱི་ཚོགས་ཤིག་གིས་སྡུག་འདག་གི་ཡོད་པ་གསལ་གསལ་ཐིང་ཐིང་བཟོས་པས་ད་གཟོད་ལྟད་མོ་བའི་ཡིད་སེམས་བཀུགས་པ་རེད།
བོད་ཀྱིས་རྒྱ་གར་འཕགས་པའི་ཡུལ་དུ་ངོས་འཛིན་པ་ལྟར་བོད་དང་འདབས་འབྲེལ་གྱི་ཨེ་ཤ་ཡའི་རྒྱལ་ཁབ་མང་པོ་ཞིག་གིས་བོད་ནི་ལྷ་ཡུལ་དུ་ངོས་བཟུང་ནས་བོད་ནས་འབབ་པའི་ཆུ་རྒྱུན་མང་པོ་ཞིག་ལྷ་ཡུལ་ནས་བབས་པར་རྟོག་པས་བཞེངས་ཡིད་ལ་བསྐྲུན་ཡོད། བོད་པ་རང་གི་རྒྱལ་རབས་ལོ་རྒྱུས་གང་ཞིག་ལ་བལྟས་ནའང་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ཡིན་པར་ལུང་རིགས་དུ་མས་ནན་གྱིས་བསྒྲུབས་ཤིང་ཡང་ནས་བསྐྱར་དུ་གླེང་བ་དང་། སྣོད་ཀྱི་ཆ་ནས་གླེང་ནའང་ནམ་མཁའ་དང་ཆུ་བོ་དྭངས་ཤིང་གཙང་བ། སྤངས་རི་དང་རྩྭ་ཐང་སྒེག་ལ་བཀྲག་པ། གངས་རི་དང་རྫ་རི་བརྗིད་ལ་རྔམ་པ། རིག་གནས་ཀྱི་ཆ་ནས་ལྟ་གྲུབ་དང་ཆོས་ལུགས་སྟོང་ཕྲག་གི་ཕྱི་མོ་ལྟ་བ་རྟེན་འབྱུང་དང་། བྱམས་དང་སྙིང་རྗེའི་ཆུ་མགོ་བོད་ན་བསྐྱིལ་བ་ཙམ་མིན་པར། བོད་མི་བྱིངས་གཞུང་དྲང་དང་སྙིང་རྗེའི་ཚོར་བ་ཅན། བྱ་བྱེའུ་འབའ་འབུ་ཚུན་ཆད་བསམ་བཞིན་དང་རྩེད་མཚར་གྱི་ཆེད་ངན་གསོད་མི་བྱེད་པའི་སྤྱོད་པ་གཅིག་བུས་ཀྱང་མི་ཡུལ་ན་ལྷ་ཡུལ་ཞིག་ཡོད་ན་བོད་ལས་གཞན་མེད་པ་ཧ་ཅང་གསལ་བོ་ཡིན་མོད། ད་ལྟའི་བོད་ནི་སྲིན་པོའི་མཆེ་བར་ན་ཤི་གསོན་གྱི་བར་མ་དོའི་ལས་བླངས་ཡོད་པར་ངོས་འཛིན་ཅན་ཧ་ཅང་དཀོན། དེར་བརྟེན། པདྨའི་གློག་བརྙན་དག་གིས་མི་དེ་རྣམས་ལ་བསམ་གཞིག་ཅིག་བྱིན་ཡོད།
པདྨའི་གློག་བརྙན་རེ་རེ་བཞིན་གསར་གཏོད་ཀྱི་ཁྱད་ཆོས་དང་སྒྱུ་རྩལ་མཚོན་ཐབས་ཀྱི་ཁྱད་ཆོས་མི་འདྲ་བ་ཤ་སྟག་ཡིན་པས་རྒྱས་པར་གླེང་བའི་ཤེས་རབ་མེད་ཀྱང་། རིགས་ཀྱི་ཆ་ནས་རོབ་ཙམ་དགར་ན། མ་ཎི་རྡོ་འབུམ་དང་དྲི་མེད་ཀུན་ལྡན་འཚོལ་བ་གཉིས་བོད་ཀྱི་བསམ་བློའི་རིན་ཐང་མཚོན་པ་གཙོ་བོ་ཅན་དང་། གཡང་མདའ་ནི་ཚོང་ལས་གློག་བརྙན་གྱི་རིགས་སུ་གཏོགས་པས་འགལ་ཟླ་དང་དགའ་སྐྱོའི་མཚོན་པ་གསལ་བོ་ཅན་དང་། མི་སྣའི་སྐད་ཀྱང་སྐད་བསྒྱུར་བྱས་ཡོད།
ཐར་ལོ་དང་། ལག་དམར། དབུགས་ལྒང་གསུམ་ནི། བོད་ཀྱི་བསམ་བློ་དང་ལས་དབང། རིག་གནས་བཅས་པ་གཞིར་བཞག་ནས་རྒྱལ་སྤྱིའི་སྟེང་གི་གདོད་མིའི་མི་རིགས་སྤྱི་དང་། ལྷག་པར་ཨ་རབ་དང་ཨེ་ཤ་ཡའི་མི་རིགས་ལོ་རྒྱུས་དང་སྲོལ་རྒྱུན་རྒྱུན་རིང་ལ་རིག་གནས་གཏིང་ཟབ་ཅན་གྱི་མི་རིགས་འཇིག་ཁ་མ་དག་གི་རིག་གནས་དང་སྲོལ་རྒྱུན། གསར་དར་དང་བཙན་གནོན་རིག་གནས་ཀྱི་འགལ་ཟླ་མཚོན་པའི་སྒྱུ་རྩལ་གློག་བརྙན་གྱི་རིགས་སུ་གཏོགས་པ་ཡིན། གློག་བརྙན་འདི་གསུམ་འདི་ལྟར་དམིགས་རྒྱ་ཆེ་བ་དང་བསམ་བློ་ཟབ་པ། མཚོན་ཐབས་དམིགས་བསལ་ཅན་ཡིན་པས་རྒྱལ་སྤྱིའི་གློག་བརྙན་དཔྱད་བརྗོད་པ་དག་གི་མིག་དབང་འཕྲོག ཡིད་སེམས་བཀུགས་ཏེ་བྱ་དགའི་ཆར་བབ་པ་རེད། ངོས་འདི་དག་ནས་པདྨ་དང་ཁོང་གི་གློག་བརྙན་དག་ལ་ཕྱིར་བལྟས་ཤིག་བྱས་ན། སྒྱུ་རྩལ་དང་གསར་གཏོད་ཀྱི་བསམ་བློའི་རིན་ཐང་རྙེད་པ་མ་ཟད། རིན་ཐང་ནི་བསྐལ་བར་བསླངས་པའི་གཟུགས་མེད་ཀྱི་རྡོ་རིང་ཞིག་ཡིན་པར་ངེས་པ་འདྲོངས་པ་ཡིན།
༢༠༢༣ ། ༠༥ ། ༢༩ ཉིན།
བཀླགས་གྲངས། 590