Back To Top

ཧྥ་ཇག་རྩོམ་སྒྲིག་པའི་གཏམ།

སྒྱུ་རྩལ་གྱི་ལེགས་སྐྱེས།


སྐད་ཡིག་གི་རིན་ཐང་གླེང་ན། སྐད་ཡིག་གི་ནང་དུ་ཆོས་ལུགས་ཀྱི་ཆ་ལག་འཛོམས་པ་ཙམ་གྱིས་མི་འགྲུབ་པར། སྒྱུ་རྩལ་གྱི་ཡན་ལག་ཕྱོགས་སུ་རྒྱས་དགོས་པ་དེ་སྐད་ཡིག་གི་ཟབ་ཚད་དམ་རིན་ཐང་རེད། དེ་ལས་བརྒལ་ཏེ་འཛམ་གླིང་རྩོམ་རིག་གླེང་ན་བརྩམས་སྒྲུང་གླེང་དགོས་ཤིང་། བརྩམས་སྒྲུང་གི་ས་མིག་ཆད་པ་ནི་སྒྱུ་རྩལ་རྩོམ་རིགས་ཀྱི་མ་རྩ་སྟོང་བའི་རྟགས་མཚན་ཞིག་ཡིན། བོད་པ་བཙན་བྱོལ་དུ་གྱར་ནས་ལོ་བརྒྱ་ལ་ཉེ་བའི་རིང་སྐད་ཡིག་སྲུང་སྐྱོབ་ནི། རྩ་དོན་དང་མ་མཐའི་དམིགས་འབེན་ཞིག་ཡིན་ནའང་སྒྱུ་རྩལ་བརྩམས་ཆོས་སྤྱི་དང་། བྱེ་བྲག་བརྩམས་སྒྲུང་གི་སྟོང་ཆ་སྐོང་ཐུབ་མེད། བཙན་བྱོལ་ནང་དུ་གཞུང་ལུགས་དང་ཚད་གཞིའི་ངོས་ནས་ལྟར་འོས་པའི་བརྩམས་སྒྲུང་གཅིག་ཀྱང་ད་ལྟའི་བར་དུ་ཐོན་མེད། དེ་ནི་བསམ་གཞིག་མི་ནུས་པའི་ངོས་ཤིག་རེད། སྟབས་ལེགས་པ་ལ་དམིགས་རྒྱ་ཆེ་ཞིང་མཚོན་ཐབས་ཕུན་སུམ་ཚོགས་པའི་སྒྲུང་རིང་འཇའ་ལམ་ཁྲ་མོ་ནི་ཁ་སྐོང་ཞིག་རེད། ཆེས་ཆུང་ས་ནས་གླེང་ནའང་གཞིས་ནས་བྱེས་ལ་ཕུལ་བའི་སྒྱུ་རྩལ་གྱི་ལེགས་སྐྱེས་གྱ་ནོམ་ཤོས་དེ་རེད།

བརྩམས་སྒྲུང་གི་ངོས་ཐད་ནས་གླེང་ན། དངོས་ཡོད་ཀྱི་དཀའ་ངལ་ལས་དབང་བསྒྱུར་བའི་སྲིད་ཇུས་ཐེར་འདོན། སྲོལ་རྒྱུན་གྱི་བག་ཆགས་ཐེར་འདོན། མི་ཆོས་རང་དབང་གི་བཀག་རྒྱ་ཐེར་འདོན། དེ་ལས་ཀྱང་གལ་ཆེ་བ་ནི་རིག་གནས་གདོང་ཐུག་དང་ལྟ་གྲུབ་ཀྱི་འགལ་ཟླ་རྩལ་འདོན་ནི། སྒྲུང་རྩོམ་གྱི་བརྗོད་བྱ་ཉེ་འཁོར་ལས་བརྒལ་ཏེ་མི་སྡེའི་སྤྱི་ཚོགས་ཁྱོན་ཡོངས་ལ་བློ་སྒོ་འབྱེད་པར་ཕྱོགས་པ་ཡིན་ལ། འཇའ་ལམ་ཁྲ་མོའི་ནང་དུ་ངོས་དེ་དག་མཐོང་ཐུབ་པས། འཛམ་གླིང་གི་གྲགས་ཆེན་རྩོམ་རིག་གི་རིན་ཐང་འཚོལ་བའི་ཚད་གཞིར་སླེབས་འདུག ད་ལྟའི་བར་དུ་ཐོན་པའི་གཞིས་ཀྱི་བརྩམས་སྒྲུང་ཁྲོད་དུའང་རྒྱ་ཆེ་ས་ནས་ཁ་ཕྱོགས་འདི་འདྲར་བཟུང་བའི་བརྩམས་སྒྲུང་མེད་པས། འཇའ་ལམ་ཁྲ་མོ་ནི་བོད་ཀྱི་བརྩམས་སྒྲུང་གི་ཁ་ཕྱོགས་གསར་བ་ཞིག་དང་དཔེ་སྟོན་བརྩམས་སྒྲུང་ཞིག་རེད།
བོད་པ་བཙན་བྱོལ་བས་བོད་ཀྱི་ཆོས་ལུགས་འཛམ་གླིང་གི་རྩེ་མོར་བསྐྱལ་ནའང་བོད་ཀྱི་རྩོམ་རིགས་དང་། སྒྱུ་རྩལ་རིག་གནས་ཀྱི་རིན་ཐང་གང་ཡང་འཛམ་གླིང་ལ་སྟོན་ཐུབ་མེད། རིག་གནས་དུས་སྟོན་དང་སྡིངས་ཆ་གལ་ཆེན་མང་པོ་ཞིག་སྐོར་བྲོ་རེས་བསྐྱལ་གྱིན་ཡོད། ཆེས་ཆུང་ས་ནས་གླེང་ན་ལོ་བརྒྱ་ལ་ཉེ་བའི་རིང་འུ་ཚོར་གླུ་བ་ཡག་པོ་གཅིག་ཀྱང་སྐྱེས་མེད་པས། ངོས་འདི་དག་ནི་འུ་ཅག་གི་སྟོང་ཆ་ཅི་ལ་མིན། རྒྱ་ནག་གི་གླུ་གར་གྱི་སྡིངས་ཆ་གང་ཡག་དག་ཡང་ནས་བསྐྱར་དུ་ཟིལ་གྱིས་མནན་མྱོང་བའི་བཙན་འོག་གི་ན་གཞོན་ཚོར་འུ་ཚོ་ཡི་རངས་འོས་ཤིང་། ལྷག་པར་པདྨ་ཚེ་བརྟན་ལགས་ཀྱིས་བོད་ཀྱི་སྒྱུ་རྩལ་གློག་བརྙན་གསར་གཏོད་དང་འཛམ་གླིང་གི་སྡིངས་ཆར་བསྐྱལ་བ་ནི། འུ་ཚོའི་མཐོང་ཆོས་སུ་ཡོད་པའི་བདེན་པ་དང་། བཙན་བྱོལ་གྱི་རིག་གནས་མཁའ་དབུགས་གཉོམ་པོ་འདིའང་གཞིས་ནས་ཚུར་བསུས་པ་སོགས་ལ་བསམས་ན། བོད་ཀྱི་རྩོམ་རིག་གི་གཟི་དཔལ་འཛམ་གླིང་རྩོམ་རིགས་ཀྱི་ཁྲོད་དུ་ངོམ་པར་མཐུན་རྐྱེན་ཡོངས་སུ་ཚང་བའི་འུ་ཚོས་བར་མ་དོ་ན་གཞིས་ཀྱི་རེ་བ་སྟོང་ཟད་དང་རང་གི་འཇོན་ཐང་སྔོག་འདོན་ཐུབ་མི་འདུག ཡིན་ནའང་། བྱེས་པ་ཚོ་འཛམ་གླིང་རྩོམ་རིགས་ལ་ཕྱོགས་པའི་དཔེ་སྟོན་གྱི་སྒྲུང་རིང་འཇའ་ལམ་ཁྲ་མོ་བྱུང་བ་ནི། འུ་ཚོའི་ཁ་ཕྱོགས་ཤིག་རེད།
བརྩམས་སྒྲུང་གི་ཆེས་དཀའ་ས་ནི་མི་སྣ་བཞེངས་བསྐྲུན་ཞེས་པ་དེ་ཡིན། དེ་ནི་དཔེ་གཞིའི་མི་སྣ་ལ་ཚད་ལས་བརྒལ་བའི་མནར་གཅོད་གཏོང་རྒྱུ་དེ་རེད། དེ་ལ་ཚད་བརྒལ་གྱི་མནར་གཅོད་དང་དོན་རྐྱེན་ཇི་ཙམ་མང་པོ་བསླངས་ན། དེ་ལྟར་སྒྲུང་གི་བྱུང་རིམ་དང་འཚོ་བ་དངོས། རྟོག་བཟོ་དང་འཆར་ཡན་བཅས་རིལ་གྱིས་འདུས་ཤིང་། དོན་རྐྱེན་སློང་སྟངས་ཐད་ནས་ལྟ་གྲུབ་དང་རིག་གནས་ཀྱི་འགལ་ཟླ། ཆབ་སྲིད་དང་སྲོལ་རྒྱུན་གྱི་མནར་གཅོད་ལ་བརྟེན་ནས་ཚགས་དམ་པོས་དོན་རྐྱེན་མང་དུ་སློང་བ་ནི་སྒྲུང་རབ་ཀྱི་ཁྱད་ཆོས་རེད། མི་སྣ་གཙོ་བོ་ལུང་རིགས་ལ་མཚོན་ནས་བཤད་ན། ཏང་གི་སློབ་གསོ་སྤྲད་ནས་ཉལ་ཁང་ཚུན་ཆད་ནང་དུ་ལུའུ་ཞུན་གྱི་འདྲ་པར་འབྲལ་མེད་དུ་འཇོག་མཁན་ཞིག་བཟོས། འདོད་པ་མེད་བཞིན་དུ་གྲྭ་པ་བཟོས། འདོད་པ་མེད་བཞིན་དུ་གྲྭ་ལོག་བཟོས། འདོད་པ་མེད་བཞིན་དུ་བླ་མ་བཟོས། ཁྱི་རྐོ་ནང་ལ་འཐུང་བཅུག རོ་ཤུན་གོན་བཅུག ཤེས་མེད་ཚོར་མེད་དུ་རྟོགས་ལྡན་ནམ་རོ་བཤའ་བར་གྱུར། ཆབ་སྲིད་བཙོན་མ་འཐམ་མེ་འཐོམ་མེ་ཞིག་ཏུ་གྱུར་བ་སོགས། གལ་སྲིད་ལུང་རིགས་ཞེས་པའི་མི་ཞིག་དངོས་སུ་ཡོད་ན། མི་དེས་ལན་གྲངས་ག་ཚོད་ལ་རང་ཤི་རྒྱག་རྩིས་བྱས་ཡོད་ཨང་།

ཡིན་ནའང་། རྒྱལ་ཁབ་མེད་པའི་བཙན་བྱོལ་བ་ཞིག་ལ་མཚོན་ན་ལུང་རིགས་ལ་འཕྲད་པའི་དོན་རྐྱེན་ག་ཚོད་ཅིག་དངོས་སུ་མྱངས་འདུག་བསམ་བློ་ནང་དུ་སྐོར་དང་སྒྲུང་འདིས་ཅི་ཞིག་འཆད་ཀྱིན་པ་ཚོར་ཐུབ། ལུའུ་ཞུན་གྱི་འདྲ་པར་དང་བརྒྱ་སྟོང་བ་གཉིས་ནི་རིག་གནས་གཉིས་ཀྱི་ཚབ་མཚོན་རེད། མའོ་དང་ལེ་ཉིན། ཡང་ན་སི་ཏ་ལིན་སོགས་ཀྱི་པར་མ་སྦྱར་བར་ལུའུ་ཞུན་གྱི་འདྲ་པར་ཞིག་བཞག་པ་དང་། སྟོན་པའི་སྐུ་པར་དང་རྒྱལ་བའི་སྐུ་པར། ཆ་བཞི་རྒྱ་བཞི་དང་དྲུག་ཅུ་བ་ལྟ་བུ་རེ་དཔེར་མ་བཀོད་པར་བརྒྱ་སྟོང་བ་ཞིག་དང་ལུའུ་ཞུན་གྱི་འདྲ་པར་གཉིས་བཞག་པ་དེས་ལྟ་གྲུབ་ཀྱི་འགེང་འདོན་པར་རྣམ་དཔྱོད་ཆེ་བའི་རྟགས་ཤིག་རེད། བརྒྱ་སྟོང་བ་གླེང་ན་ཤེས་རབ་སྙིང་བོ་གླེང་དགོས་ཤིང་ཤེས་རབ་སྙིང་བོ་ལས་ལྷག་ཅིག་ནང་བ་སངས་རྒྱས་པར་མེད་པའང་ཧ་ཅང་མངོན་གསལ་རེད། ལུའུ་ཞུན་གླེང་ན་阿Q གླེང་དགོས་ཤིང་། 阿Q ནི་དམར་ཕྱོགས་ཀྱི་བསམ་བློ་དང་བྲན་བསྒྱུར་གྱི་ཚབས་མཚོན་གཅིག་བུ་དེ་ཡིན་པས་རིག་གནས་དང་ལྟ་གྲུབ་ཀྱི་འགལ་ཟླ་མཚོན་སྟོབས་ཆེ་བའི་སྒྲུང་འདིའི་རྩ་སྒྲོམ་འདི་ནས་གླེང་དགོས་པ་ལས་ཡན་ལག་བཏོགས་ནས་དཔའ་སྐད་འཐེན་པ་ནི་དགོས་མེད་ཀྱི་ཀུ་ཅོ་ཁོ་ན་རེད།
སྒྲུང་འདི་ནི། ཀློག་མགོ་བཙུགས་པ་ནས་མཇུག་མ་བསྐྱལ་བར་འཇོག་མི་ནུས་པའི་རིགས་སུ་གཏོགས་པ་ནི། བྱུང་རིམ་ཚགས་དམ་པ་དང་འབྲི་རྩལ་ཕུལ་དུ་བྱུང་བར་ཐུག་འདུག སྒྲུང་འདི་གློག་བརྙན་ཞིག་ལ་དཔེར་བླངས་ནས་བཤད་ན་ཚོང་ལས་གློག་བརྙན་གྱི་རིགས་འདྲེས་པ་ཞིག་རེད། དོན་རྐྱེན་ཆེ་ནས་ཆེ་རུ་དང་རྙོག་འཛིང་མང་ནས་མང་དུ། དེའང་གློ་བུར་ཤ་སྟག་ལ་འབྱུང་བཅུག་པས་ཀློག་པ་པོས་མཚམས་འཇོག་མ་ཐུབ་པ་རེད། ཡང་སྒྱུ་རྩལ་གློག་བརྙན་གྱི་རིགས་དང་འདྲ་སྟེ། ལུའུ་ཞུན་གྱི་པར་དང་རྒྱ་གར་ཞྭ་མོ་གཉིས་བོར་སོང་བ་ལྟ་བུ་ཞིག་ཡིན། བོར་མེད་པར་ལུང་རིགས་ལ་རིམ་པར་འཕྲད་པའི་དཀའ་ངལ་དང་མཐར་རྒྱ་གར་ལ་སླེབས་པའི་མཚོན་དོན་དུ་རྩོམ་པ་པོས་དང་པོར་དེ་གཉིས་ནན་ཏན་གྱིས་བྲིས་པ་ཤེས་ཐུབ། བསམ་གཞིག་ནན་ནན་ཏན་གྱིས་མ་བཏང་ན་མཇུག་ཏུ་དེ་གཉིས་ཀྱིས་བྱ་བ་ཅི་ཡང་བྱས་མེད་པ་ལྟ་བུ་ཞིག་ཡིན། ཡིན་ནའང་། འདི་ལྟར་དོན་རྐྱེན་གྱིས་ཁ་གྲགས་འཇུག་པ་ནི་མཚོན་ཐབས་ཟབ་མོ་ཞིག་དང་། ཚོང་ལས་གློག་བརྙན་ཁྲོད་དུ་བྱུང་ན་ཚོང་ལམ་མེད་པ་ཡིན།
སྒྲུང་འདི་ནི་ཟུར་ཟ་དང་སུན་འབྱིན་བརྩམས་ཆོས་སུ་གཏོགས་པ་ཞིག་རེད། ཆེ་ས་ནས་དམར་པོའི་སྲིད་ལུགས་དང་རྩོམ་རིག ཆུང་ས་ནས་སྐབས་དེའི་རྒྱ་ནག་གི་སྲིད་ཇུས་ལ་སུན་འབྱིན་བྱས་འདུག བོད་ཞི་བའི་བཅིངས་འགྲོལ་བཏང་ནས་དགའ་སྐྱིད་ཀྱི་དཔལ་ལ་རོལ་བར་འུར་ཆེན་པོ་བྱེད་པའི་སྐབས་དེར་ལུང་རིགས་ལྟ་བུའི་སློབ་མ་གློའུ་རྒན་ཞིག་དང་དེ་འབྲེལ་གྱི་འཚོ་བ་སྐྱོ་བོ་དག་གིས་སུན་འབྱིན་དང་ཟུར་ཟ། འགྲམ་གྱི་མགྲོན་བདག་དམག་དཔོན་ལྟ་བུའི་དཔོན་རིགས་རུལ་སུངས། མཇལ་བ་འཐའ་མེ་འཐོམ་མེ་ཚོའང་ལྕགས་སྒྲོག་ལ་བསྟར་ནས་ཁྲིད་འགྲོ་བ་དང་རྩིས་སྤྲོད་པར་སྒོར་མོ་སྟེར་བ་ལྟ་བུའི་སྲིད་ཇུས་རུལ་སུངས་ལ་སུན་འབྱིན། མདོ་སྨད་ཕྱོགས་ནས་བུ་ཚ་བཙན་གྱིས་ཆོས་སྒོར་སྐྱེལ་བ་དང་། བུ་མོ་བཙན་གྱིས་གནས་སྒོར་རྫོང་བ། དབུས་ནས་མགར་བ་ཚོ་ཤི་ན་རོ་བདག་མེད་པའི་ལམ་ལུགས་དང། བོད་པ་བོད་པ་བཙོང་བའི་ཚུལ་སོགས་ལ་སུན་འབྱིན། དཔེར་ན། རིགས་གཅིག་སྤུན་ཟླ་ལྡོམ་པོ་ཞིག་རྒྱ་དམག་ལ་རྩིས་སྤྲོད་མཁན་ཚོར་ཁ་ཆེ་ཁྲམ་པ་ཁ་ཤས་ཀྱིས་ཟུར་ཟ་བྱེད་བཅུག་པ་དེ་ནི་རྩོམ་པ་པོའི་རིག་རྩལ་ཕུལ་དུ་ཕྱིན་པ་དྲན་རིག་ཧ་ཅང་རྒོད་པའི་རྟགས་ཤིག་མ་རེད་དམ།
བྱེས་ལ་མཚོན་ནས་བཤད་ནའང་སྣེ་ལེན་ཁང་དུ་རྐང་ལམ་ཕྲ་མོའི་དེབ་ཅིག་གཡུགས་ནས་བྱེས་ཀྱི་རིག་གནས་ཀྱི་མཁའ་དབུགས་གང་ནས་འོང་བའི་ཁུངས་གསལ་འདོན་དང་། རྒྱ་རྒན་མ་ཞིག་གི་ལག་པར་བཀའ་ཤོག་ཡིན་ལ་མིན་ལ་ཞིག་བཞག་ནས་ཆབ་སྲིད་པ་འཐམ་མེ་འཐོམ་མེ་ཞིག་ནག་འཐོམ་མེར་བཏང་ནས། ཨོ་རྒྱ་རིན་པོ་ཆེའི་བཞུགས་ཁྲི་འཁྲིས་ལ་ཁྱི་ཉལ་བ་ཅན་གྱི་པར་ཞིག་བསྟན་ནས། ཡང་སྤྲུལ་ངོས་འཛིན་བྱེད་པའི་སྐབས་སུ་སྒྲུང་མཇུག་བསྡུས་པ་འདི་གཅིག་བུར་ཡང་རྟ་རིན་ཞིག་བགོ་རྒྱུ་དང་ལུག་རིན་ཞིག་བརྩི་རྒྱུ་ཏན་ཏན་འདུག
སྒྱུ་རྩལ་བརྩམས་ཆོས་ལ་སྒྱུ་རྩལ་གྱི་མཚོན་ཐབས་ནས་དཔྱད་པ་ལས་ཆོས་ལུགས་དང་ཆབ་སྲིད་ཀྱི་ལྟ་བས་དཀར་ནག་གི་དབྱེ་བ་དགར་མི་འོས་མོད། ཧ་ཅང་ཉག་ཕྲ་བའི་སྐབས་འདིར་ཇག་པས་ཐུབ་པའི་སྟེང་ལ་རོགས་པས་ཐུབ་ན་ལས་རྒྱུ་འབྲས་ལའང་མི་འགྲོ་བས། སྒྱུ་རྩལ་སྒྱུ་རྩལ་ཞེས་བོད་ཀྱིས་ཆོས་དང་ཆབ་སྲིད་ལ་ཟུར་ཟ་བྱས་ན་སུས་ཀྱང་ངོས་ལེན་བྱེད་དཀའ་མོད། སྒྲུང་འདི་ནི་ཆབ་སྲིད་ཀྱི་ཐད་ནས་བཤད་ནའང་རྒྱ་ལ་མི་ཕྱོགས་པར་བོད་ལ་ཕྱོགས་པ་ཧ་ཅང་གསལ་བོ་རེད། གྲྭ་ལོག་གླེན་པ་འདིས་ཀྱང་བརྒྱ་སྟོང་བ་རེ་བཀླགས་པའི་བྱིན་རླབས་ཀྱིས་འགག་སྒོ་ཆེན་པོ་རེ་ནས་ཐར་བཅུག་ཡོད་ལ། མི་རྒན་ཚང་མས་ད་དུང་རྒྱལ་བ་རིན་པོ་ཆེ་ཉིད་ལ་རེ་སྒུག་དང་ཡིད་ཆེས་བྱས་ནས་ཡོད་པ། དམར་པོ་སྲིད་ཇུས་ལེབ་ཀྱིས་སླེབས་ནའང་བོད་ཀྱིས་ཆོས་དང་རྒྱལ་བ་རིན་པོ་ཆེ་བློས་བཏང་མེད་པ་དང་། བྱེས་ནས་ཀྱང་ཆབ་སྲིད་བཙོན་མ་འཐམ་མེ་འཐོམ་མེ་ཞིག་ཡིན་ནའང་སྡིངས་ཆ་ཡོད་ཚད་སྤྲོད་ཀྱི་ཡོད་པའི་ཚུལ་སོགས་ཀྱང་སྒྲུང་རང་ངོས་ནས་ཚུར་ཁ་གྲགས་ཡོང་གིན་པ་ཧ་ཅང་གསལ་བོ་རེད།


སྤྱི་ལོ་ ༢༠༢༣ ལོའི་ཟླ་ ༠༦ ཚེས་ ༢༠ ཉིན།

བཀླགས་གྲངས། 1193

2023-06-24 ཆ་ཚང་བཀླགས་ཟིན།
2023-06-24 རྡོ་གོར་མོ
2023-06-21 གསལ་ལེ་རྒྱལ།

ང་དང་འཇའ་ལམ་ཁྲ་མོ། 

             གསལ་ལེ་རྒྱལ།

 

དུར་བྱང་མིག་ལ་ངན་པ་དགུ་འཛོམས་དང་།།

ཤེད་བུའི་བློ་ལ་བཟང་བོ་བཅུ་འཛོམས་པ།།

ཨ་ཁུ་པདྨའི་འཇའ་ལམ་ཁྲ་མོ་འདི།།

འཐབ་ཕྱོགས་གཅིག་ཏུ་གྱུར་ན་ཅི་མ་རུང་།། 

 

བོད་པའི་སྐད་དུ་ཡིན་ལ་མ་ཡིན་པའི།།

ཚིག་གྱོང་ཐུ་བོ་ཐབས་ཀྱིས་བསྒྲིགས་པ་ཞིག།

བཤད་སྒྲུང་བྱིས་སྒྲུང་དེང་གི་བརྩམས་སྒྲུང་གསུམ།།

མཉམ་བསྲེས་ཚིག་ཚོགས་ཉོག་གི་རྣམ་པར་གྱུར།།

 

ཨུ་ཚུགས་འབད་པས་ཚིག་གྱོང་གཡོས་པའི་ཉོག།

རིགས་ཞེན་རྣལ་མས་ཉིན་འགར་བཀླགས་ན་ཡང་།།

ཀློག་རྩལ་གློག་ལྟར་མྱུར་བ་ཁོ་བོས་ཀྱང་།།

ཤོག་ངོས་སུམ་ཅུ་ཙམ་ལས་མ་འདས་སོ།།

 

སྒྲུང་གི་འབྲི་ཐབས་སྒྱུ་རྩལ་མཚོན་ཐབས་སོགས།།

མཇལ་བའི་སྐལ་བ་ཚིག་གིས་མ་གནངས་པས།། 

ཨུ་ཚུགས་དད་པས་མཇལ་ཁ་མ་ཞུས་ཤིང་།།

རང་བྱུང་བྱིན་རླབས་སྙིང་ལ་མ་ཞུགས་སོ།། 

 

ངོ་སོ་སྲུང་བའི་བཀླགས་མཆན་མ་བྲིས་ཤིང་།།

ཕྲག་པ་དོག་མོའི་ལས་ལ་མི་སྤྲོ་པས།།

དགེ་རྒན་བཙན་པོས་ལས་བྱར་བཀོད་པ་བཞིན།།

རང་གིས་རང་ལ་དཀའ་ངལ་མ་བཟོས་སོ།།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།