Back To Top

ཞིབ་བཤེར་གྱི་གནོན་ཤུགས་འོག པདྨ་ཚེ་བརྟན་གྱིས་‘‘དཀར་ནག་’’གི་བོད་ཁུལ་བརྙན་དུ་ཕབ།

གཤམ་གསལ་གྱི་བཅར་འདྲི་འདི་ནི། ཕྱི་ལོ་༢༠༡༦ ལོའི་ཟླ་ ༡༡ ཚེས་ ༢༢ ཉིན་གྱི་བཅར་འདྲི་རྙིང་བ་ཞིག་ཡིན། ལོ་དེར་འདས་པོ་སྐུ་ཞབས་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་ཐར་ལོ་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནང་སྟོན་སྐབས་ནེའུ་ཡོག་དུས་བབ་ (The New York Times) ཀྱིས་ཁོང་ལ་བཅར་འདྲི་བྱས་པ་ཞིག་རེད། འདི་བཅར་འདྲི་རྙིང་བ་ཞིག་ཡིན་ནའང་། འདིའི་ནང་ཁོང་གི་གློག་བརྙན་བརྩམས་ཆོས་ཁག་གི་བསམ་བློའི་ཟབ་ཚད་དང་སྒྱུ་རྩལ་བློས་བསླངས། དེ་བཞིན་བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་དང་བོད་བརྙན་ལ་འཕྲད་བཞིན་པའི་རྒྱ་ནག་གཞུང་གི་ཞིབ་བཤེར་གནོན་ཤུགས་དང་། ཁོང་སྒེར་ལ་འཕྲད་པའི་ཟི་ལིང་གནམ་ཐང་གི་དོན་རྐྱེན་སོགས་ཞིབ་ཅིང་རྒྱས་པ་ཞིག་གླེང་འདུག་པ་མ་ཟད། འདི་ག་རྩོམ་སྒྲིག་ཚོགས་ཆུང་ལ་ད་བར་ལག་སོན་བྱུང་བའི་ཁོང་གི་ཡིག་ངག་བརྙན་གསུམ་གྱི་བཅར་འདྲི་གང་མང་ཁྲོད་ནས་རྩེ་ཕུད་ལྟ་བུར་མཐོང་བས་བོད་སྒྱུར་གྱི་འབད་བརྩོན་བྱས་པ་ཡིན། མ་ཡིག་ནང་བཅར་འདྲིའི་སྔོན་གླེང་གི་ཚུལ་དུ་གསར་འགོད་པའི་ངོ་སྤྲོད་ཐུང་བུ་ཞིག་འདུག་ནའང་། བཅར་འདྲིའི་ནང་དོན་གནད་བསྡུས་སུ་བཀོད་པ་ཞིག་ཡིན་སྟབས་དེ་བོད་སྒྱུར་བྱས་མེད་པ་དགོངས་འཇགས་འཚལ།

ཧྥ་ཇག་རྩོམ་སྒྲིག་ཚོགས་ཆུང་གིས།

 

དྲི་བ། ལོ་ངོ་བཅུ་ཙམ་གྱི་རིང་ལ་ཁྱེད་ཀྱིས་བོད་ཁུལ་བརྗོད་བྱར་བཟུང་བའི་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་དང་། འཚོལ། ཁྱི་རྒན། གཡང་མདའ་། ཐར་ལོ་སོགས་གློག་བརྙན་ལྔ་ཕབ་བསྐྲུན་བྱས་འདུག འདིའི་རྒྱབ་ལོགས་ནས་ཁྱེད་ཀྱིས་ལྟ་ཞིབ་བམ་ཞིབ་གཟིགས་གནང་སྐབས་བོད་ཁུལ་ལ་འགྱུར་ལྡོག་གང་དང་གང་བྱུང་འདུག
དྲིས་ལན། ཞིབ་གཟིགས་ཟེར་ན་བཤད་ཁག་པོ་རེད་དེ། ང་ལྟ་བུའི་རང་ཡུལ་དང་ཁ་གྱེས་པའི་མི་ཞིག་གིས་ཕྱིར་རང་གི་ཕ་ཡུལ་ལ་རྒྱང་མིག་འཕེན་སྟངས་ཙམ་རེད། ངས་བོད་ཁུལ་ལ་རྟོག་དཔྱོད་བྱས་པ་དང་དེ་ལ་བཟུང་བའི་རྣམ་འགྱུར་རྣམས་གློག་བརྙན་གྱི་ལམ་ནས་མཚོན་ཐབས་བྱེད་ཀྱི་ཡོད། བརྩམས་ཆོས་རེ་རེ་བཞིན་སྐབས་ཐོག་དེའི་བོད་ཁུལ་གྱི་དངོས་ཡོད་གནས་སྟངས་དང་། རང་གི་མཐོང་རྒྱའི་ཟུར་སྣེ་ཡང་དེའི་སྟེང་འཕེན་གྱི་ཡོད། ལོ་རབས་བརྒྱད་ཅུའི་དུས་མཇུག་ཏུ། བོད་ཁུལ་གྱི་འཚོ་བའི་རྣམ་པ་ལ་འགྱུར་ལྡོག་རབས་དང་རིམ་པ་བྱུང་བ་རེད། ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ གྱས་སྐབས་དེའི་རྒྱབ་ལྗོངས་མངོན་ཐབས་བྱས་ཡོད། དེང་རབས་དཔལ་ཡོན་གྱིས་བོད་ཀྱི་སྲོལ་རྒྱུན་ལ་སིམ་འཛུལ་བྱེད་མགོ་བཙུགས་པ་དང་། དགོན་པ་ཞིག་དང་གྲོང་སྡེ་ཞིག ཡང་ན་བོད་ཀྱི་སྲོལ་རྒྱུན་དང་དེང་རབས་བར་གྱི་འབྲེལ་བ་རེད། གློག་བརྙན་གྱི་མིང་ལ་མཚོན་ཐབས་རིང་ལུགས་གྱི་རྣམ་པ་འདྲེས་ཡོད། སྐབས་དེའི་བོད་ཁུལ་ནི་མ་ཎི་རྡོ་འབུམ་ཇི་བཞིན། ཕྱི་ཚུལ་ཧ་ཅང་ལྷིང་འཇགས་ཡིན་ནའང་། ནང་གི་འགྱུར་ལྡོག་གི་སྐྱུར་རྟ་དེ་དོན་དངོས་སུ་འཕྱུར་མགོ་བཙུགས་ཚར་ཡོད་པ་རེད།
འཚོལ་སྐབས་ཀྱི་བོད་ཁུལ་གྱི་འགྱུར་ལྡོག་དེ་ཧ་ཅང་གི་མངོན་གསལ་དོད་པོ་རེད། བོད་ཀྱི་རིག་གནས་ཀྱི་རྒྱུན་སྲོལ་མང་བོ་ཞིག་བོར་བརླག་ཏུ་སོང་བ་དང་། ཡང་མང་བོ་ཞིག་ངན་རུལ་གྱི་ངོ་བོར་གྱུར་བ་རེད། གློག་བརྙན་ནང་གི་འཁྲབ་ཁྲིད་པས་ལམ་ཧྲིལ་བོར་དྲི་མེད་ཀུན་ལྡན་བཙལ་བ་རེད། གྲོང་སྡེ་དང་དགོན་པ། འབྲོག་ཁུལ། སློབ་གྲྭ་ནས་ཟློས་གར་ཚོགས་པ། ལམ་ཐག་ཧྲིལ་བོར་བོད་ཀྱི་རིག་གནས་བཙལ་འཚོལ་གྱི་ནང་དོན་ལྟེ་བར་བཟུང་ཡོད་པ་རེད། ཡིན་ནའང་། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་ཚད་གཞི་མི་འདྲ་བའི་ཉམ་ཆག་གི་བརྒྱུད་རིམ་ཞིག་འགྲིམས་བཞིན་ཡོད་པ་ཤེས་རྟོགས་བྱུང་བ་རེད།
དེ་ནས་ཁྱི་རྒན་ལ་སླེབས་དུས། གློག་བརྙན་ནང་གི་ཁྱི་རྒན་གྱི་སྐྱོ་གར་ལྟ་བའི་ལས་དབང་ལྟར། བོད་ཁུལ་གྱི་འགྱུར་ལྡོག་དེས་མི་རྣམས་ལ་དབུགས་ཀྱང་གཏོང་ལེན་དཀའ་བའི་གནས་སྟངས་ནང་བསྐྱལ་བ་རེད། མ་གཞི་དེ་སྔོན་གློག་བརྙན་འདིའི་མིང་ལ་སྨུག་པ་ཞེས་པ་བཏགས་ཡོད། དབུགས་ཀྱང་གཏོང་ལེན་དཀའ་བའི་སེམས་ཁམས་དེ་སྨུག་པ་དང་འདྲ་བར་རང་གི་རང་དབང་ན་མེད་པ་དེ་མཚོན་ཐབས་བྱས་ཡོད། གློག་བརྙན་ཧྲིལ་བོ་ཧ་ཅང་སྐྱོ་མདོག་གི་ལམ་ནས་ཕབ་ལེན་བྱས་ཡོད།
གློག་བརྙན་འདི་གསུམ་ལ་ཧ་ཅང་གི་ཐག་ཉེ་བའི་འབྲེལ་བ་ཞིག་ཡོད། ཁོ་ཚོ་ཚང་མ་སྐབས་ཐོག་དེ་དག་གི་བོད་ཁུལ་གྱི་རྣམ་པ་དང་གནས་སྟངས་ལ་ཧ་ཅང་གི་འབྲེལ་ཐག་ཉེ་བོ་ཡོད། ལོ་ངོ་བཅུ་གྲངས་འགའ་ཤས་རིང་གི་བོད་ཁུལ་གྱི་འཕོ་འགྱུར་དག་གློག་བརྙན་ནང་སིམ་ཡོད་པ་དེ་གསལ་སྟོན་བྱས་ཡོད། མི་འགའ་ཤས་ཀྱིས། བོད་དེ་བྲན་གཡོག་སྤྱི་ཚོགས་ནས་མཆོང་སྟངས་གཅིག་གིས་སྤྱི་ཚོགས་རིང་ལུགས་ནང་སླེབས་པ་དང་། དེ་བར་ནས་དུས་རིམ་འགའ་ཤས་ལས་ཐོད་བརྒལ་བྱུང་བ་རེད་ཟེར། འདི་མ་གཞི་ནས་ཁུངས་མེད་ལུང་མེད་ཀྱི་བཤད་ཚུལ་ཞིག་རེད། སོང་ཙང་གློག་བརྙན་ནང་ཁུངས་མེད་ལུང་མེད་ཀྱི་ཚོར་ཤུགས་དེ་ཡང་མངོན་ཐབས་བྱས་ཡོད། ཐར་ལོ་ལ་བརྗོད་བྱ་དང་ནང་དོན་གྱི་ཆ་ནས་མུ་སྦྲེལ་རང་བཞིན་གྱི་རྣམ་པ་དེ་གཏོད་མེད། ཁོ་མི་སྡེ་ཞིག་གི་ཞིབ་འབྲི་མི་སྒེར་གྱི་ངོ་བའི་སྟེང་ཁ་ཕྱོགས་བསྐོར་བ་ཡིན། ཐར་ལོ་གནས་སྡོད་བྱེད་སའི་རི་སྒང་དེ། ང་རང་ཆུང་དུས་འཚོ་བ་རོལ་སའི་རི་སྒང་དེ་ཡིན། ཞིང་མ་འབྲོག་གི་ས་ཆ་ཞིག་རེད། ངའི་ཕ་མ་གཉིས་དེང་སང་ཡང་དེར་གནས་སྡོད་བྱེད་ཀྱིན་ཡོད། རི་འདབས་ལ་དེང་སང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་སྡེ་གསར་པ་ཞིག་གི་བཟོ་ལྟ་ཡོད་པ་རེད། དེར་བརྟེན། མི་ཚང་མའི་སྟེང་ན་ཕལ་ཆེར་ཐར་ལོའི་གཟུགས་བརྙན་རེ་ཡོད་པ་རེད།
དྲི་བ། བོད་ཀྱི་རྩོམ་པ་པོ་དང་འཁྲབ་ཁྲིད་པ་ཞིག་ཡིན་པའི་ཆ་ནས། ཁྱེད་ཀྱི་ལོ་འདི་དག་རིང་གི་གསར་རྩོམ་ཉམས་མྱོང་གི་སྟེང་ནས་བལྟས་ན། གདོང་ལེན་བྱེད་དགོས་པའི་དཀའ་ངལ་དང་ཡང་ན་གཙབ་བརྡར་བྱེད་དགོས་ས་གཙོ་བོ་དེ་གང་རེད་དམ།
དྲིས་ལན། བོད་ཀྱི་རིག་གནས་ནི་རྒྱ་ནག་ནང་ལ་མཚོན་ན་ད་དུང་ཡང་མཐའ་འཁོབ་རིག་གནས་ཤིག་དང་། མཐའ་འཁོབ་བརྗོད་བྱ་ཙམ་རེད། ཁྲོམ་རའི་ནང་གཙོ་རྒྱུག་དངོས་པོ་ཞིག་ཏུ་འགྱུར་བར་ཧ་ཅང་དཀའ་ལས་ཆེ། བོད་ཀྱི་གློག་བརྙན་ལས་རིགས་ཉར་མཁན་ཞིག་ཡིན་པའི་ཆ་ནས། རྒྱ་ནག་གི་གློག་བརྙན་ཁོར་ཡུག་ནང་འཛུལ་བར་དཀའ་ཁག་དང་གདོང་ལེན་གྱི་བརྒྱུད་རིམ་ངེས་པར་དུ་འགྲིམ་དགོས། འདི་རང་གི་ངོ་བོ་དང་སྐད་ཡིག་གི་རྣམ་པ་གསར་བཞེངས་དང་དེ་གཏན་ཚུགས་ཡོང་ཐབས་ཀྱི་བརྒྱུད་རིམ་ཞིག་རེད། ཆེས་ཆེ་བའི་དཀའ་ཁག་གཙོ་བོ་དེ་ཕལ་ཆེར་བརྗོད་བྱ་རེད་སྙམ། ཐར་ལོ་ལས་གཞན། ངས་ལོ་ངོ་བཅུ་ཙམ་རིང་བཟོས་པའི་གློག་བརྙན་ཚང་མ་བརྗོད་བྱ་གཅིག་གི་རྩོམ་ཡིག་ལྟ་བུར་ཡོད་པ་རེད། ཁྱོད་ཀྱི་རིགས་རུས་ངོ་རྟགས་དང་དོ་སྣང་བྱེད་སའི་བརྗོད་བྱའི་དབང་གིས། ཚད་བཀག་ངེས་ཅན་ཡོད་པའི་ཁོར་ཡུག་ཅིག་ནང་ནས་མ་གཏོགས། རང་གིས་བཤད་པའི་གཏམ་རྒྱུད་ཀྱི་སྟོབས་ཤུགས་ཁྱད་ནུས་རྣམས་གློག་བརྙན་དུ་ཕབ་མི་ཐུབ་པ་གཏན་འཁེལ་ཚར་ཡོད་པ་རེད།
དང་ཐོག་ངས་ཀྱང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་བརྗོད་བྱར་བཟུང་བའི་གློག་བརྙན་བཟོ་རྩིས་བྱས་པ་ཡིན། དཔེར་ན། གླང་དར་མ་—— བོད་ཀྱི་ལོ་རྒྱུས་ཐོག་ཧ་ཅང་གལ་གནད་ཆེ་བའི་རྒྱལ་བོ་ཞིག ཁོས་བོད་ཀྱི་ནང་བསྟན་ལོ་རྒྱུས་ཐོག་དྲག་སྤྱོད་ཀྱི་ལམ་ནས་བསྟན་པ་སྣུབ་པའི་ལས་འགུལ་སྤེལ་མྱོང་བ་རེད། དེས་ནང་བསྟན་ཆོས་ལུགས་ལ་ཐེབས་པའི་གནོད་སྐྱོན་ཧ་ཅང་ཚབས་ཆེན་རེད། དགོན་པ་ཕོན་ཆེན་པོ་ཞིག་གཏོར་ཞིང་། གྲྭ་བཙུན་རྣམས་དམངས་ཁྲོད་དུ་བྲོས་བྱོལ་དུ་འགྲོ་དགོས་བྱུང་བ་རེད། གླང་དར་མས་བསྟན་པ་བསྣུབས་པས་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱིས་དགྲ་ལྟར་ལྟ་ཞིང་། བོད་མི་ཚོས་ཁོ་ནི་སྨོན་ལམ་ལོག་པའི་གླང་རྒན་ཞིག་གི་སྐྱེ་བ་ཡིན་པར་ངོས་འཛིན་བྱེད་ཅིང་། བོད་ཀྱི་ལོ་རྒྱུས་ཡིག་ཚགས་ནང་བྱུང་བ་འདིའི་སྐོར་དངོས་ཡོད་དང་སྒྱུ་འཕྲུལ་མཉམ་བསྲེས་ཀྱིས་བཀོད་ཡོད་པ་རེད།
ང་ལོ་རྒྱུས་ཀྱི་བྱུང་རབས་དུམ་བུ་འདི་ལ་ཧ་ཅང་གི་དགའ་སྣང་སྐྱེས་མྱོང་ཞིང་། འཁྲབ་གཞུང་ཡང་བྲིས་ཚར་བ་ཡིན། འོན་ཀྱང་། རྒྱ་ནག་ནང་འདི་མངོན་གྱུར་ཡོང་བར་དཀའ་ཁག་ཆེ་བའི་ངེས་ཤེས་ངས་གང་མགྱོགས་རྙེད། གཅིག་ནས་རྒྱ་ནག་གི་གློག་བརྙན་ཞིབ་བཤེར་གྱི་སྒྲིག་ཁྲིམས་དང་། གཉིས་ནས་གློག་བརྙན་ཕབ་བསྐྲུན་ཐད་ཀྱི་དཀའ་ངལ་རེད། དེར་བརྟེན། ངས་བརྗོད་བྱ་འདིའི་རིགས་ངེས་པར་བློས་གཏོང་བྱས་ནས། བགྲོད་ལམ་གཞན་ཞིག་བཙལ་ཏེ་རང་གི་མངོན་འདོད་མཚོན་ཐབས་བྱེད་དགོས། རྗེས་སུ་ཨེ་རན་གློག་བརྙན་གྱིས་ང་ལ་དེའི་སྐོར་གྱི་བློ་སྒོ་ཆེན་པོ་ཞིག་ཕྱེས། ཁོ་ཚོའི་གློག་བརྙན་ཞིབ་བཤེར་གྱི་ཁོར་ཡུག་དེ་ང་ཚོ་ལས་ཡག་པོ་མ་རེད། འོན་ཀྱང་འཁྲབ་འཁྲིད་པ་མང་བོ་ཞིག་གིས་དངོས་ཡོད་བྱེ་བྲག་པ་ལས་བླངས་པའི་བརྗོད་བྱ་དག གློག་བརྙན་དུ་ཕབ་སྐབས་ཧ་ལས་པའི་ཡག་པོ་བྱུང་འདུག དེར་བརྟེན། ང་རང་ཡང་བསྐྱར་ཕྱིར་དངོས་ཡོད་ནང་ལོག་མགོ་བཙུགས་ཤིང་། དྲང་ཕྱོགས་ནས་བོད་ཁུལ་དུ་བྱུང་བཞིན་པའི་འཕོ་འགྱུར་ལ་བསམ་གཞིགས་བྱས་པ་ཡིན། བརྗོད་གཞིའི་གནད་དོན་ཆུང་ཆུང་ཞིག་བཙལ་རྗེས། དེའི་གཏམ་རྒྱུད་སྔོག་འདོན་བྱས་ནས། ཉིན་རེའི་རྒྱུན་ལྡན་གྱི་བོད་ཁུལ་བརྙན་ལམ་དུ་ཕབ་པ་ཡིན། མཚམས་ལ་ལར་དོན་དངོས་ཀྱི་ཉིན་རེའི་འཚོ་བའི་རྒྱབ་ངོས་ན་ཏག་ཏག་ཧ་ཅང་གི་སྟོབས་ཤུགས་ཆེན་པོ་ཞིག་འདུག
དྲི་བ། ཁྱོད་ཀྱི་བརྩམས་ཆོས་ནང་བོད་ཁུལ་ཞིབ་འབྲི་བྱེད་སྐབས། རྒྱ་ནག་གི་ལམ་ལུགས་དང་རྒྱལ་སྤྱིའི་སྟེང་གི་བོད་ཀྱི་གནད་དོན་གྱི་ལངས་ཕྱོགས་སམ་ལྟ་ཚུལ་གཉིས་དབར་ངོ་མཚར་བའི་ཐབས་ལམ་གང་ཞིག་སྤྱད་ནས་ཇི་ལྟར་སྙོམས་སྒྲིག་བྱེད་ཀྱི་ཡོད་དམ།
དྲིས་ལན། ངས་ཕན་ཚུན་དོ་མཉམ་བྱེད་སའི་གཞི་ཞིག་རྙེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། གློག་བརྙན་ནི་ཡོངས་ཁྱབ་ཀྱི་ལམ་ནས་སྟོན་དགོས་ཀྱི་ཡོད་སྟབས། ཁྱོད་ཀྱི་གཏམ་རྒྱུད་དེ་རིགས་རྒྱུད་གཅིག་ཁོ་ན་ལ་ཁ་གཏོད་ཆེད་མིན་པར། བོད་རིགས་ལས་གཞན། ད་དུང་རྒྱ་རིགས་དང་། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་རྒྱ་ཆེ་བའི་རིགས་རྒྱུད་མང་བོ་ཡོད་པ་རེད། རང་གི་གཏམ་རྒྱུད་ཅི་ལྟར་མངོན་པར་མཚོན་ཐབས་བྱེད་རྒྱུ་དེ་ཧ་ཅང་གི་གལ་གནད་རེད། བོད་ཀྱི་འཁྲབ་འཁྲིད་པ་ཞིག་གིས་ཧ་ཅང་གི་དྭངས་གཙང་དང་། དོན་དངོས་ཀྱི་བོད་ཀྱི་འཚོ་བ་མཚོན་པའི་གློག་བརྙན་ཞིག་ཞིག་ཕབ་བསྐྲུན་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན། འདི་གཞན་ལ་མེད་པའི་ཁྱོད་ཀྱི་ཁྱད་ཆོས་དང་ལེགས་ཆ་དེ་རེད། དེ་དང་མཉམ་དུ། ཁྱོད་ཀྱི་མི་རིགས་ཀྱི་ངོ་རྟགས་དང་གློག་བརྙན་གྱི་བརྗོད་བྱའི་དབང་གིས། བརྩམས་ཆོས་ཁག་ཕྱི་ལོགས་ནས་སྟོན་སྐབས། དེའི་རིན་ཐང་ཐག་གཅོད་ཐད་ལ་སྔོན་དཔག་ཡིད་ཚོད་ཐེབས་སླ་ཞིང་། ཆབ་སྲིད་དང་འབྲེལ་བའི་བརྗོད་གཞི་ཁག་ལ་གླེང་སློང་དང་། ཐ་ན་གློག་བརྙན་རང་སྟེང་ནས་བརྒལ་བའི་གླེང་སློང་རིགས་དང་འཕྲད་སྲིད་པ་ནི་གཡོལ་ཐབས་མེད་པའི་ལས་ཤིག་ཡིན། ནུབ་ཕྱོགས་ཀྱི་ལྟད་མོ་འགའ་ཤས་ཀྱིས་བོད་དང་བོད་ཁུལ་གྱི་དབྱེ་བ་གསལ་བོར་འབྱེད་མི་ཤེས་ཤིང་། ཁྱོད་ཀྱིས་བོད་ཁུལ་གྱི་ས་ཆ་གང་ཞིག་ནས་གློག་བརྙན་ཕབ་བསྐྲུན་བྱས་རུང་། ཁོ་ཚོའི་ཚོར་ཤེས་དེ་ཕྱོགས་ཡོངས་ནས་བོད་ཅེས་པའི་རྒྱབ་ལྗོངས་སྒང་ལ་འབབ་ངེས་ཡིན། འོན་ཀྱང་། ངས་འདུ་ཤེས་ཀྱི་དོན་སྤྱི་འདིའི་རིགས་བསམ་བཞིན་དུ་ཆེ་རུ་གཏོང་བའམ་ཡང་ན་མེད་པར་བཟོ་ཐབས་བྱེད་ཀྱི་མེད། ངས་དེ་ནི་བོད་ཁུལ་ནས་བྱུང་བའི་གཏམ་རྒྱུད་ཅིག་དང་། བོད་ས་ནས་ཕབ་བསྐྲུན་བྱས་པའི་གློག་བརྙན་ཙམ་ཡིན་ཚུལ་བཤད་ཀྱི་ཡོད། ངའི་རེ་བ་ནི་མི་མང་བོས་གློག་བརྙན་རང་སྟེང་ལ་དོ་སྣང་མང་ཙམ་བྱེད་རྒྱུ་དེ་ཡིན། ངས་བོད་ཁུལ་བརྗོད་བྱར་བཟུང་བའི་གློག་བརྙན་ཁག་བཟོ་སྐབས་ཏག་ཏག་གཏམ་རྒྱུད་བྱུང་སའི་རྒྱབ་ལྗོངས་ལ་བསམ་བློ་བཏང་ཡོད། དཔེར་ན། ཐར་ལོ་ལྟ་བུ་རེད། བོད་དབུས་གཙང་ཁུལ་དུ་འཁྱེར་ནའང་རེད། སི་ཁྲོན་ཁུལ་གྱི་ཁམས་ཕྱོགས་སུ་སོང་ནའང་རེད། ཁོའི་གཞི་རྐང་རྦད་དེ་བཙུགས་ཚར་ཡོད་པ་རེད། ང་ནི་ཨ་མདོའི་ཁུལ་གྱི་བོད་པ་ཞིག་རེད། དབུས་གཙང་དང་ཁམས་ཕྱོགས་ནི་སྔོན་མ་ནས་ངའི་དོ་སྣང་བྱེད་ཡུལ་གྱི་ས་ཁུལ་ཆགས་ཡོད། ངས་སྔོན་མ་ནས་བོད་ཁུལ་གྱི་ས་ཆ་མི་འདྲ་བ་རེ་ནས་གློག་བརྙན་རེ་བཟོ་འདོད་བྱུང་ལ། དེ་ལ་ཡུལ་སྐད་མི་འདྲ་བའང་བཀོལ་སྤྱོད་བྱེད་འདོད་བྱུང་མྱོང་། ངའི་གློག་བརྙན་རྗེས་མ་ལག་དམར་དེ་ཁམས་ཕྱོགས་ནས་ཕབ་བསྐྲུན་བྱེད་ཐུབ་པར་རེ་བ་བྱེད་བཞིན་ཡོད།
ང་ལའང་རང་ཉིད་ཀྱི་སྙོམས་སྒྲིག་བྱེད་ཐབས་འགའ་ཤས་ཡོད། དཔེར་ན། གློག་བརྙན་གྱི་བརྡ་ཆད་ཇུས་འགོད་ལ་བརྟེན་ནས། མཚོན་ཚུལ་ཁ་ཤས་ལེགས་གྲུབ་ཡོང་ཐབས་བྱེད་པ་ལྟ་བུ་རེད། མི་འགའ་ཤས་ཀྱིས་མཐོང་ཡོད་སྲིད། གློག་བརྙན་ཐར་ལོའི་ནང་དུ། མེ་ལོང་ནང་གི་གཟུགས་བརྙན་དང་ཐ་མག་གི་དུད་སྨུག གྲལ་རིམ་དང་ངོ་རྟགས་ཐོབ་ཐང་གི་འགལ་ཟླ། ‘‘མི་དམངས་ལ་ཞབས་འདེགས་ཞུ་བ་’’ཞེས་པའི་ཡིག་འབྲུ་སོགས། རྩ་བའི་དེ་དག་ཚང་མར་ཅི་ཞིག་གསལ་འགྲེལ་བྱེད་པར་ནུས་པ་ལྡན་ཡོད། ཚད་རིམ་འདི་ལྟ་བུའི་བར་དུ་གོ་བ་ལོན་ཐུབ་མིན་ནི། ལྟ་མཁན་ཚོའི་གནས་རིམ་རྒྱབ་ལྗོངས་ལ་རག་ལས་པ་རེད། རྒྱབ་ལྗོངས་མི་འདྲ་བའི་མི་རེ་ལ་གཏམ་རྒྱུད་ཀྱི་གོ་བ་ལེན་སྟངས་མི་འདྲ་བ་རེ་ཡོད། མི་འགའ་ཤས་ཀྱིས་འདི་ཁེར་རྐྱང་དང་སུན་སྣང་བརྗོད་པའི་གཏམ་རྒྱུད་ཅིག་དང་། འགའ་ཤས་ཀྱིས་འདི་བརྩེ་དུང་བརྗོད་པའི་གཏམ་རྒྱུད་ཅིག ཡང་འགའ་ཤས་ཀྱིས་འདི་བོད་ཁུལ་གྱི་དེང་རབས་དང་སྲོལ་རྒྱུན་བར་གྱི་གདོང་ཐུག་དང་། ད་དུང་འགའ་ཤས་ཀྱིས་ཐར་ལོའི་བཤུལ་ལམ་གྱི་རྒྱབ་ལོགས་ན་ཤཱཀྱ་ཐུབ་པའི་གཏམ་རྒྱུད་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། འདི་ལྟ་མཁན་གྱི་ཚོགས་སྡེ་དང་། ཁོ་ཚོའི་ངོས་འཛིན་ཆུ་ཚད་དང་རིག་གནས་རྒྱབ་ལྗོངས་ལ་རག་ལས་ཡོད་པ་རེད། གནས་ཚད་ག་འདྲ་ཞིག་ལ་ངོས་འཛིན་བྱས་ནའང་ཆོག ཐ་ན་འདི་མགོ་གཡོག་སླུ་བྲིད་དང་འབྲེལ་བའི་གཏམ་རྒྱུད་ཅིག་ཏུ་ངོས་འཛིན་བྱས་ནའང་ཆོག ང་བོད་རིགས་འཁྲབ་འཁྲིད་པ་ཞིག་རེད། འོན་ཀྱང་། ངས་རང་གི་བརྩམས་ཆོས་ཁག་མི་རིགས་རང་བཞིན་ལས་བརྒལ་ཏེ། ཧ་ཅང་གི་ཁྱབ་རྒྱ་ཆེ་བའི་རྒྱལ་སྤྱིའི་རང་བཞིན་གྱི་མཐོང་རྒྱ་ཡོད་པའམ། ཡང་ན་བརྙན་གཟུགས་ཀྱི་ལམ་ནས་མི་མང་བོ་ཞིག་གིས་ཁྱོད་ཀྱི་མཚོན་སྟངས་ལ་གོ་ལ་ལེན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཡང་གཅིག་བཤད་ན། ཕྱི་ཚུལ་གྱི་རྣམ་པ་དེ་དག་རིང་དུ་དོར་ནས་དོན་དམ་དང་མཐར་ཐུག་གི་མཚོན་ཐབས་ཤིག་ལ་ཁ་ཕྱོགས་པར་རེ་བ་བྱེད་ཀྱི་ཡོད། ཐར་ལོ་ནི་དེའི་ཐད་ཀྱི་ཚོད་ལྟ་ཞིག་གམ། གསར་རྩོམ་ཁྲོད་ཀྱི་ལག་ཡོང་ཞིག་ལ་བརྩིས་ན་ཆོག
དྲི་བ། ཁྱོད་ཀྱིས་བརྙན་གསར་ཐར་ལོའི་སྐོར་གླེང་སོང་། གློག་བརྙན་ཞིབ་བཤེར་གྱི་ཆ་ནས་ཕར་ཆེར་ཕྱོགས་ཡོངས་ནས་ཆོག་མཆན་ཐོབ་པ་ལྟ་བུ་རེད། འདི་ཁྱོད་ཀྱི་བསམ་ཡུལ་ལས་བརྒལ་སོང་ངམ། དེའི་སྔོན་གྱི་གློག་བརྙན་ཁག་ལ་ཐེབས་པའི་གློག་བརྙན་ཞིབ་བཤེར་གྱི་གནས་སྟངས་གང་འདྲ་ཡིན་ནམ།
དྲིས་ལན། ཐར་ལོའི་གཏམ་རྒྱུད་ཀྱི་རྒྱབ་ལྗོངས་ནི་རིག་གནས་གསར་བརྗེ་དང་དེས་བོད་མི་ཚོར་ཐེབས་པའི་ཤུགས་རྐྱེན་སྐོར་ཡིན་སྟབས། འདི་ལ་ཆོག་མཆན་ཐོབ་དང་མི་ཐོབ་དེ། བཤད་ཚོད་ཐུབ་པ་ཞིག་རྩ་བ་ཉིད་ནས་མ་རེད། དེར་བརྟེན། ངས་ཆོག་མཆན་མི་ཐོབ་པའི་བསམ་བློའི་གྲ་སྒྲིག་ཆ་ཚང་ཞིག་བྱས་པ་ཡིན། ཐེངས་འདི་གློག་བརྙན་ཞིབ་བཤེར་ཐད་ཀྱི་ཡར་རྒྱས་ཤིག་ཡིན་མིན་ངས་མི་ཤེས། བོད་རིགས་འཁྲབ་འཁྲིད་པ་ཞིག་དང་། བོད་ཁུལ་བརྗོད་བྱར་བཟུང་བའི་གློག་བརྙན་ཕབ་བསྐྲུན་བྱེད་ཀྱི་ཡོད་པའི་ཆ་ནས། ཞིབ་བཤེར་གྱི་ཕྱོགས་ནས་གནོན་ཤུགས་ཆེན་པོ་ཡོད་པས། ཧ་ཅང་གཟབ་ནན་ཡང་བྱེད་དགོས་པ་རེད། རྒྱུ་མཚན་བོད་ཀྱི་གློག་བརྙན་ལ་རྒྱང་བསྒྲགས་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་སྟེང་། ད་དུང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་སྟེ་ཞིབ་བཤེར་སྡེ་ཁག་གཉིས་ཡོད་པ་རེད། གློག་བརྙན་ཞིབ་བཤེར་མི་སྣས་རྒྱ་སྐད་ཀྱི་གློག་བརྙན་ལ་ཞིབ་བཤེར་བྱེད་སྐབས་སྤྱིར་བཏང་གི་ནང་དོན་གནད་བསྡུས་ཤིག་ཡོད་ན་འགྲིག་གི་ཡོད་པ་རེད། འོན་ཀྱང་། བོད་སྐད་ཀྱི་གློག་བརྙན་ལ་འཁྲབ་གཞུང་ཆ་ཚང་མཁོ་སྤྲོད་བྱེད་དགོས། འཁྲབ་ཚིག་རེ་རེ་ལའང་ཧ་ཅང་གི་གཟབ་ནན་བྱེད་དགོས། ཡིན་ན་ཡང་། ལོ་ངོ་མང་བོའི་རིང་སློབ་སྦྱོང་དང་ལག་ལེན་བྱས་པའི་དབང་གིས། རང་ཉིད་ཞིབ་བཤེར་ལམ་ལུགས་ལ་ཡང་རྒྱུས་ལོན་གང་འཚམ་བྱུང་ཡོད་པ་རེད། ལོ་རྒྱུས་ཀྱི་ཕྱོགས་ངོས་གང་དག་ལ་ལག་པ་འཆང་མི་ཆོག་པ་དང་། ཕྱོགས་ངོས་གང་དག་ལ་ཐུག་རེག་ཆོག་པ་སོགས། ག་ལེ་ག་ལེར་ཁྱོད་རང་གིས་རང་ལ་ཞིབ་བཤེར་བྱེད་པ་ཟེར་བའི་གནས་སྟངས་ནང་ལྷུང་ངེས། སོང་ཙང་འཁྲབ་གཞུང་འབྲི་སྐབས། བསམ་བཞིན་དུ་དངོས་བོ་འགའ་ཤས་དང་། ཡང་ན་མཚོན་ཚུལ་ཁ་ཤས་ལས་གཡོལ་ཐབས་བྱེད་དགོས། ཡང་ལྕི་ཚད་སྟངས་འདི་ཧ་ཅང་གི་གལ་ཆེན་པོ་རེད།
ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ནང་འཆར་ལྡན་བུ་སྐྱེས་དང་འབྲེལ་བའི་འཁྲབ་ཚིག ‘‘བྱིས་པ་གསུམ་གྱིས་འགྲིག་ནི་བྱ། ད་དུང་གཅིག་སྐྱེས་ཚེ་ཆད་པ་གཅོད་ངེས་རེད’་’ ཅེས་པ་འདི། འཁྲབ་གཞུང་ཞིབ་བཤེར་སྐབས་ངེས་པར་དུ་སྒྱུར་བཅོས་བྱེད་དགོས་ཟེར། རྗེས་སུ་ ‘‘ད་དུང་གཅིག་སྐྱེས་ཚེ་འཁུར་བོ་ཇེ་ལྕི་རེད་’’ ཅེས་པར་བསྒྱུར་བ་རེད། འཆར་ལྡན་བུ་སྐྱེས་ནི་རྒྱལ་ཡོངས་རང་བཞིན་ཅན་རེད། བོད་རིགས་ཀྱི་བརྗོད་བྱའི་ནང་སླེབས་སྐབས་མངོན་གསལ་དོད་པོའི་ཐོག་ཚོར་ཤུགས་སྐྱེན་པོ་ཞིག་ཏུ་གྱུར་བ་རེད། འཚོལ་ཕབ་བསྐྲུན་གྲུབ་རྗེས། ཡང་མི་ཞིག་གིས་དེའི་ནང་གི་བྱིས་པའི་གཞས་ཚིག་‘‘ང་ཚོ་ཚང་མ་ཁྱིམ་ཚང་གཅིག་ནས་ཡོང་བ་ཡིན་’’ཞེས་པ་དེ་འགྲིག་མི་འདུག་ཟེར། ཨ་མདོ་བ་འདུག ལྷ་སའི་དབུས་གཙང་བ་ཡང་འདུག ག་རེ་བྱས་ནས་ཁམས་པ་མེད་པ་རེད། འདི་ལ་ཇི་ལྟར་ཁྱིམ་ཚང་ཆེན་མོ་འབོད་དགོས་པ་རེད་ཟེར། ཡང་ནུས་ཤུགས་བཏོན་ནས་བསྒྱུར་བཅོས་བཏང་བ་རེད། ད་དུང་‘‘གྲོང་ཁྱེར་ནང་གི་བོད་མི་ཚོས་བོད་སྐད་བཤད་མི་ཤེས་’’ཞེས་པའི་འཁྲབ་ཚིག་འདི་ཡང་འགྲིག་མི་འདུག་ཟེར། གོ་ཐོས་ལྟར་ན་འདི་དག་བཤད་མཁན་ནི་(འཐབ་ཕྱོགས་གཅིག་གྱུར་གྱི་)བོད་རིགས་ལས་བྱེད་ཚོ་རེད་ཟེར། ཕལ་ཆེར་ཁོ་ཚོས་གློག་བརྙན་ཕབ་བསྐྲུན་གྱི་བརྒྱུད་རིམ་ཤེས་ཀྱི་མེད་པ་འདྲ། སྣང་མེད་ངང་བཏོན་པའི་བསམ་འཆར་དེ། གློག་བརྙན་བཟོ་སྐྲུན་པར་མཚོན་ན་དཀའ་ངལ་ཆེན་པོ་ཞིག་རེད།
ཁྱི་རྒན་ནི་དེ་ལས་ཀྱང་བཤད་མ་དགོས་པ་རེད། བརྙན་མཇུག་ཆ་ཚང་བརྗེས་པ་རེད། ལོ་ཕྱེད་ཀྱི་རྗེས་སུ་ཡང་བསྐྱར་བརྙན་ཕབ་བྱེད་དགོས་བྱུང་བ་རེད། ང་ལ་མཚོན་ན། རྒྱུ་མཚན་དེ་དག་གཅིག་ཀྱང་ཚད་ལྡན་མ་རེད། འོན་ཀྱང་། གློག་བརྙན་ཞིབ་བཤེར་དེ་དོན་དངོས་ཐོག་དེ་ལྟར་ཡོད་པ་རེད། རྒྱ་ནག་གི་འཁྲིབ་འཁྲིད་པ་ཚང་མས་གདོང་ལེན་དགོས་པའི་གནད་དོན་ཞིག་རེད། རང་ཉིད་ཀྱིས་ཞིབ་བཤེར་ལམ་ལུགས་དེར་འགྱུར་བ་གཏོང་མི་ཐུབ་པས། རང་གིས་རང་ལ་ཞིབ་བཤེར་བྱེད་རྒྱུར་སློབ་སྦྱོང་བྱས་ནས། ས་མཚམས་ཆུ་མཚམས་དེ་ཚོ་གནས་གང་ན་ཡོད་མེད་ལ་རྒྱུས་མངའ་ཡོད་རྒྱུ་དང་། བསམ་བཞིན་དེ་ལས་གཡོལ་ཐབས་བྱེད་དགོས་པ་ཚོར་ཡོང་གི་རེད།
དྲི་བ། ཐར་ལོ་ཞལ་འདོན་གྱི་དབྱངས་རྟའི་ལམ་ནས་མའོ་ཙེ་ཏུང་གི་གཏམ་བཤད་མི་དམངས་ལ་ཞབས་འདེགས་ཞུ་བ་ཞེས་པ་བློ་ནས་སྐྱོར་བཞིན་པ་ནས་བརྙན་མགོ་བཙུགས་འདུག བོད་ཁུལ་དང་བོད་རིགས་ཀྱི་རིག་གཞུང་ལ་མཚོན་ན་མའོ་ཡི་བསམ་བློའི་ཤུགས་རྐྱེན་གང་འདྲ་ཡིན་ནམ།
དྲིས་ལན། ཤུགས་རྐྱེན་ཧ་ཅང་གི་ཆེན་པོ་རེད། རིག་གནས་གསར་བརྗེའི་དུས་སྐབས་སུ། ཚང་མ་གསུང་བཏུས་རང་བཞིན་གྱི་ནང་དོན་འདིའི་ནང་དུ་བཙིར་ནས་བཙན་ཤུགས་ཀྱིས་མ་བྱས་རང་བྱས་བཟོས་པ་རེད། མི་མང་བོ་ཞིག་ཧ་ལམ་ཐུན་མོང་གི་ཚོར་འདུར་འབྲེལ་བའི་གནས་སྟངས་ཞིག་གི་ནང་དུ་ལྷུང་ཞིང་། དམིགས་བསལ་དེ་ནི་རང་གི་དད་གུས་བྱེད་ས་དང་ལེགས་ཉེས་འབྱེད་སའི་ཚད་ཐིག་ཅིག་ལ་ངོས་བཟུང་བ་རེད། ཐར་ལོ་ནང་བཞིན། གསུང་བཏུས་དེ་དག་གིས་ཁོ་ལ་དུས་ཡུན་རིང་བོ་ཞིག་གི་ནང་ཤུགས་རྐྱེན་སྤྲད་པས། རྩ་བའི་རིག་གསར་ཡོལ་ཚར་ཡོད་ནའང་། དེའི་རྗེས་ཤུལ་ཧ་ཅང་གི་གཏིང་ཟབ་སར་ཟུག་ཡོད་པ་རེད། ངས་ཀྱང་རིག་གསར་གྱི་དུས་མཇུག་བརྒྱུད་མྱོང་། ཀུན་དང་གཅིག་མཚུངས་གསུང་བཏུས་དེ་དག་བློར་འཛིན་དགོས་ཤིང་། གཅིག་མཚུངས་ཀྱིས་དེ་དག་དཔེ་བཤུས་བྱེད་དགོས་པ་རེད། འདི་དག་ཚང་མ་ག་ལེ་ག་ལེར་ཤེས་མེད་ཚོར་མེད་ངང་ཁྱོད་ཀྱི་དྲན་པའི་ནང་ཟུག་འགྲོ་གི་རེད། བོད་པ་མང་བོ་ཞིག་གིས་བསླབ་པའི་རྒྱ་ཡིག་གི་ཚིག་དང་བོ་ནི། ‘‘མའོ་ཀྲུའུ་ཞི་ཁྲི་ལོར་བརྟན་པར་ཤོག་’’ཅེས་པ་འདི་རེད། ཡིག་ཐོག་ལ་བྲིས་པའི་ཐིག་ཕྲེང་དང་བོ་ཡང་དེ་རེད། ཚིག་རྐང་གཉིས་པ་ནི་‘‘ང་རང་པེ་ཅིན་གནམ་བདེ་སྒོ་མོ་ཆེ་ལ་དགའ་’’ཞེས་པ་འདི་རེད། དུས་ཡུན་རིང་བོ་ཞིག་སོང་བའི་རྗེས་སུ། ཁྱོད་ཀྱི་དྲན་པའི་གཏིང་རུམ་ལ་ཟུག་པའི་རྒྱ་ཡིག་རྒྱ་སྐད་ཀྱང་འདི་ཚོ་རེད། བོད་ཡིག་ཀྱང་གཅིག་མཚུངས་རེད། ཚང་མ་‘‘མའོ་ཀྲུའུ་ཞི་ཁྲི་ལོར་བརྟན་པར་ཤོག་’’ཅེས་པ་འདི་རེད། སྐབས་དེའི་བོད་ཡིག་གི་སློབ་དེབ་ཀྱང་ཕལ་ཆེར་རྒྱ་ཡིག་གི་སློབ་དེབ་ལས་ཚུར་བསྒྱུར་ཡོང་བ་འདྲ། རྩ་བའི་ཞིང་ལྗོངས་ལྔའི་བསླབ་གཞི་གཏན་འབེབ་དཔར་གཞི་ཡོད་ནའང་། བོད་ཡིག་གི་སློབ་ཚན་ཚང་མ་རྒྱ་ཡིག་གི་སློབ་ཚན་ནས་ཚུར་བསྒྱུར་ཡོད་དུས། ཁྱོད་ཀྱིས་རྒྱ་ཡིག་གི་ལམ་ནས་ཐེངས་གཅིག་སྦྱངས། དེ་ནས་ཡང་བསྐྱར་བོད་ཡིག་གི་ལམ་ནས་ཐེངས་གཅིག་ལ་སྦྱངས། མུ་མཐུད་དུ་ཡང་ནས་བསྐྱར་དུ་དང་། ཡང་ནས་བསྐྱར་དུ་སྦྱངས་དགོས་པའི་གནོན་ཤུགས་འདི་ཧ་ཅང་གི་ཞེད་སྣང་ཚ་བོ་རེད། དེ་སྔ་ང་རང་སློབ་གྲྭར་འགྲོ་དུས་དེ་ལྟར་རེད་ལ། བརྒྱད་ཅུ་གྱ་གྲངས་ནང་ང་ལོ་འགའ་ཤས་ལ་དགེ་རྒན་བྱས་པ་ཡིན། དེ་དུས་ཀྱང་གནས་སྟངས་དེ་ག་རང་རེད། ཕར་བལྟས་ཚོད་ལ་ཁྱོད་ཀྱིས་སློབ་ཚན་བློར་འཛིན་གྱི་ཡོད་ནའང་། དོན་དངོས་སུ་ཁྱོད་ཀྱི་འདུ་ཤེས་འཛིན་སྟངས་ནང་ལ་རྗེས་ཤུལ་དཔར་གྱི་ཡོད་པ་རེད། དུས་ཚོད་ནམ་ཞིག་ལ་དེ་དག་ཕྱིར་མངོན་ནས་རང་བཞིན་གྱིས་ཁྱོད་ལ་ཤུགས་རྐྱེན་སྤྲོད་ཀྱི་རེད། ཐར་ལོ་ལོ་བཞི་བཅུ་བརྒལ་ཚར་ཡོད་ནའང་། ཁོས་ད་དུང་མི་དམངས་ལ་ཞབས་འདེབས་ཞུ་བ་ཚིག་གཅིག་ཀྱང་མ་ལུས་བར་བློ་ནས་སྐྱོར་ཐུབ་ཀྱི་ཡོད་པ་མ་ཟད། དེ་རང་གི་མི་ཚེའི་ལེགས་ཉེས་འབྱེད་བྱེད་ཀྱི་ལྷ་ཆོས་ལྟ་བུར་བཀུར་གྱི་ཡོད་པ་རེད། སྤྱིར་བཏང་ཐར་ལོ་དུས་རབས་ཤིག་གི་མི་སྡེ་ཁྱུ་ཚོགས་ཤིག་གི་བསྡུས་གཟུགས་རེད། བོད་པ་གཅིག་བུ་མིན་པར། ཐར་ལོའི་གཏམ་རྒྱུད་ནི་ང་ཚོའི་གཏམ་རྒྱུད་རེད།
ད་དུང་མི་འགའ་ཤས་ཀྱི་འཁྲབ་སྟོན་པ་འདེམས་སྟངས་སྐོར་ལ་དྲི་བ་དྲིས་བྱུང་། ཐར་ལོའི་ནང་གི་ཉེན་རྟོག་མགོ་དཔོན་དེ་བོད་ཁུལ་དུ་ཆེད་དུ་མའོ་ཙེ་ཏུང་འཁྲབ་མཁན་རེད། སྔོན་མ་ཁོས་ཟློས་གར་ཞིག་གི་ནང་མའོ་འཁྲབ་པ་ལ་བརྟེན་ནས་འཁྲབ་སྟོན་ལས་རིགས་ནང་ཚུད་པ་རེད། དེར་བརྟེན། བོད་ཁུལ་ནས་མི་མང་བོ་ཞིག་གིས་ཁོ་ལ་མའོ་བཀྲ་ཤིས་ཞེས་འབོད་ཀྱི་ཡོད་པ་རེད། ཁོའང་འབོད་སྟངས་དེར་དགའ་ཞིང་འགུ་ནས་ཡོད་པ་རེད། འོན་ཀྱང་། ངས་ཁོ་འཁྲབ་སྟོན་པར་འདེམས་པ་དེ་འདི་ལ་འབྲེལ་བ་གང་ཡང་མེད། དེ་འདྲའི་བསམ་བློ་ཞིབ་ཚགས་གཏོང་དགོས་པའི་ངེས་པའང་མི་འདུག ཁོ་ཉེན་རྟོག་མགོ་དཔོན་དེ་འཁྲབ་པར་ཧ་ཅང་གི་ལན་པོའི་ཚོར་བ་ཙམ་ཡིན། ཡིན་ནའང་། བོད་ཁུལ་ནས་ཁོའི་མའོ་ཙེ་ཏུང་གི་སྣང་བརྙན་ལ་བག་ཆགས་མཐུག་པོ་ཡོད་པར་བརྟེན། འབྲེལ་མེད་ཀྱི་དོན་དག་མི་འབྱུང་ཆེད་ངས་ཆེད་དུ་རྫས་ཆོས་བྱུག་ནས། ཁོའི་མའོ་ཡི་བག་ཆགས་སྣང་བརྙན་དེ་བསུབ་ཐབས་བྱས་པ་ཡིན། འོན་ཀྱང་། བོད་མི་འགའ་ཤས་ཁོ་རང་ངོ་ཤེས་ཚར་འདུག
དྲི་བ། ཐར་ལོ་ནི་དོན་དངོས་སུ་ངོ་རྟགས་ངོས་འཛིན་འཚོལ་བའི་གཏམ་རྒྱུད་ཅིག་རེད། དེས་བོད་མིའི་དངོས་ཡོད་གནས་སྟངས་མཚོན་གྱི་ཡོད་དམ།
དྲིས་ལན། ཕྱི་ཚུལ་ནས་བལྟས་ན་ངོ་རྟགས་ལག་ཁྱེར་གྱི་གནད་དོན་ཡིན་ཡང་། དོན་ངོ་མར་བོད་མི་མང་པོར་མཚོན་ན་ཁོང་ཚོ་ལ་ངོ་རྟགས་ལག་ཁྱེར་དེར་དོན་སྙིང་གང་ཡང་མེད། གྲོང་གསེབ་ཏུ་དེ་ལ་དོ་སྣང་བྱེད་མཁན་མེད་ལ། མི་མང་པོ་ཞིག་ལ་གཉེན་སྒྲིག་གི་ལག་ཁྱེར་མེད་པར་ཕྲུ་གུ་སྐྱེ་བཞིན་ཡོད་པ་དང་། ལ་ལ་གཉེན་སྒྲིག་བྱས་ནས་ལོ་ངོ་ལྔ་བཅུ་དྲུག་ཅུ་ལྷག་སོང་རྗེས་གཞི་ནས་སྲིད་གཞུང་གིས་བཙན་ཤེད་ཀྱིས་གཉེན་སྒྲིག་ལག་ཁྱེར་ལེན་དུ་འཇུག་གི་ཡོད་པ་རེད། བདེན་དཔང་ར་སྤྲོད་བྱ་བྱེད་ཀྱི་དཔང་ཡིག་དེ་བོད་ཁུལ་གྱི་མི་མང་པོ་ཞིག་ལ་མཚོན་ན་དོན་སྙིང་མེད་ལ་དོ་སྣང་བྱེད་མཁན་ཡང་མེད། འོན་ཀྱང་། ངོ་རྟགས་ལག་ཁྱེར་ནི་ཕྱི་ཚུལ་གྱི་རྣམ་པ་ཞིག་ཡིན་པ་སྨོས་ཅི་དགོས། ཐར་ལོ་ངོ་རྟགས་འཚོལ་བའི་གཏམ་རྒྱུད་ཅིག་རེད། རིག་གནས་གསར་བརྗེ་ཡི་རྗེས་ཤུལ་ཁོའི་སྟེང་ན་མངོན་གསལ་དོད་པོར་མངོན་ཡོད་པ་དང་། འཚོ་བའི་བརྒྱུད་རིམ་ཁྲོད། ཁོས་རང་ཉིད་ཀྱི་ཐོབ་དབང་དང་དད་མོས་ལ་ཆེས་གཉོམ་ཆུང་བའི་དོགས་པ་སྐྱེས་ནའང་། མཇུག་མཐར་རང་ཉིད་རྙེད་པའི་བློ་ཡོངས་སུ་རྨོངས། ཁོའི་རྒྱབ་ལྗོངས་ནི་བོད་ཀྱི་མི་རབས་གཅིག་ལ་མཉམ་དུ་འཕྲད་པའི་གནས་བབ་ཡིན་པ་དང་། མཐའ་འཁོབ་ཀྱི་ས་གནས་སུ་རང་གི་ངོ་རྟགས་དང་ཐོབ་དབང་འཚོལ་བར། མི་ཁ་ཤས་ཀྱིས་རང་ཉིད་འཚོལ་ཐབས་ལས་ཡོངས་སུ་གཡོལ་བའམ། ཡང་ན་ནང་ནས་ཕྱི་ལ་ཐོན་འགྲོ་རྒྱུ་དེ་ལས་དབང་ལ་འགྱུར་བ་གཏོང་བའི་ཐབས་ལམ་དུ་བརྩི་གི་ཡོད། འོན་ཀྱང་མི་ཁ་ཤས་ཕྱིར་ཐོན་འགྲོ་བ་དེས་ངོ་རྟགས་ཐོབ་དབང་གི་སེམས་ཁྲལ་ཞི་འཇགས་སུ་གཏོང་མི་ཐུབ་པ་མ་ཟད། དེ་ལས་ལྡོག་སྟེ་རང་ཉིད་རྩ་བ་ནས་བོར་བརླགས་ལྟ་བུར་གྱུར་ནས་དེ་བས་ཀྱང་ཆག་སྒོ་ཆེན་པོ་འབྱུང་གི་ཡོད་པ་རེད། ཐར་ལོ་དང་གཡང་མཚོ་(གློག་བརྙན་ནང་གི་བུད་མེད་འཁྲབ་སྟོན་པ་གཙོ་བོའམ་ཐར་ལོའི་དགའ་རོགས། ——རྩོམ་སྒྲིག་པའི་མཆན།) ཚང་མ་ནང་ནས་ཕྱི་ལ་ཐོན་མཁན་དང་། ཚང་མས་ངོ་རྟགས་དང་འཚོ་གནས་ཀྱི་ཐོབ་ཐང་འཚོལ་བཞིན་ཡོད་མོད། འོན་ཀྱང་ཁོ་ཚོ་ཚང་མ་འཚོ་གནས་ཀྱི་ལས་དབང་ལ་རང་ཉིད་བློས་གཏོང་བྱེད་མཁན་ཤ་སྟག་ཆགས་པ་རེད། ཐར་ལོའི་གཏམ་རྒྱུད་ནི་ང་ཚོའི་གཏམ་རྒྱུད་ཡིན། ང་རང་ཉིད་ཀྱི་ལུས་སྟེང་དུ་ཐར་ལོ་ཡི་གཟུགས་བརྙན་ཡོད་སྲིད་ལ། ཐར་ལོའི་ལུས་སྟེང་དུའང་ངའི་གཟུགས་བརྙན་ཡོད་སྲིད། ཐ་ན་ཁོ་ས་ཁོངས་ག་གེ་མོ་དང་མི་རིགས་ག་གེ་མོ་ཞིག་གི་ཁྱབ་ཁོངས་ལས་བརྒལ་ཡོད་པ་རེད་ལ། ཁོའི་ལས་སྟེང་དུ་མི་རབས་ཤིག་གི་ངོ་རྟགས་ངོས་འཛིན་གྱི་ཐོབ་དབང་ལ་སེམས་ཁྲལ་མངོན་ཡོད་པ་དང་། མ་གཞི་བོད་མིའི་དངོས་ཡོད་ཀྱི་གནས་བབ་ཀྱིས་འདི་ལྟ་བུའི་སེམས་ཁྲལ་དང་ལས་དབང་གི་ཚོར་སྣང་དེ་ཆེ་རུ་གཏོང་ངེས།
དྲི་བ། རྒྱལ་ཁབ་དང་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་ལྟད་མོ་བ་ཚོའི་བསམ་བློར་ཐར་ལོ་དང་ལེན་བྱེད་པའི་ཚད་གཞི་འདྲ་མི་སྲིད་པ་དང་། མིག་སྔར་ཕྱི་ཕྱོགས་དང་རྒྱ་ནག ད་དུང་བོད་ཁུལ་གྱི་ལྟ་སྟངས་ཅི་འདྲ་འདུག
དྲིས་ལན། རྒྱའི་སྐད་ཡིག་གི་ཁྱབ་ཁོངས་དང་བོད་ཁུལ་དུ་ཚང་མས་གཏམ་རྒྱུད་འདི་ཅུང་གཏིང་ཟབ་པའི་སྒོ་ནས་ཤེས་རྟོགས་བྱེད་ཐུབ། རིག་གནས་ཀྱི་རྒྱབ་ལྗོངས་འདི་དང་ཁ་བྲལ་ཚེ་གཏམ་རྒྱུད་ཀྱི་རྒྱབ་ཕྱོགས་ན་ཡོད་པའི་ནང་དོན་གལ་ཆེན་དེ་དག་ཚོར་དཀའ། ནུབ་ཕྱོགས་ཀྱི་ལྟད་མོ་བ་ཁ་ཤས་ལ་མཚོན་ནས་བཤད་ན། མའོ་ཡི་གསུང་བཏུས་བློར་སྐྱོར་བ་དེ་ཐར་ལོ་ལ་བློར་འཛིན་གྱི་ནུས་པ་ཆེ་བའི་ཁྱད་ཆོས་ཤིག་ཡོད་པར་འདོད་པ་དང་། དུས་རབས་ཀྱི་རྒྱབ་ལྗོངས་ཤེས་རྟོགས་མ་བྱུང་ན་གློག་བརྙན་དེ་ཉིད་ལ་གོ་བ་དེ་ཙམ་ལེན་མི་ཐུབ་སྟེ། དཔེར་ན། བོད་མི་ཞིག་གིས་ཅིའི་ཕྱིར་མའོ་ཡི་གསུང་བཏུས་བློར་འགྲོ་བ་དང་། ‘‘མི་དམངས་ལ་ཞབས་འདེགས་ཞུ་བ་’’ཞེས་པའི་གཞི་རྩའི་ནང་དོན། ཁོས་བློ་ངོར་སྐྱོར་བའི་དབྱངས་རྟ་སོགས་ལྟ་བུ་རེད། ཝེ་ནི་སི་(Venise)གློག་བརྙན་དུས་ཆེན་ཐོག་མི་མང་པོ་ཞིག་གིས་འདི་ནི་ཁེར་རྐྱང་དང་སུན་སྣང་སྐོར་གྱི་གློག་བརྙན་ཞིག་ཡིན་པར་འདོད་པ་ལས། ངོ་རྟོགས་ཐོབ་དབང་སྐོར་གྱི་གློག་བརྙན་ཞིག་ཏུ་ངོས་འཛིན་མི་སྲིད། རྒྱ་ནག་ལ་མཚོན་ན་་མི་ཚང་མར་ཆ་རྒྱུས་ཧ་ཅང་ཆེན་པོ་ཡོད་པ་དང་། བོད་རྒྱ་ས་ཁུལ་གང་ཡིན་རུང་ཚང་མར་རིག་གནས་ཀྱི་རྨང་གཞི་ཞིག་ཡོད། ཐའེ་ཝན་དུ་སྟོན་སྐབས་ཀྱང་། གློག་བརྙན་མགོ་བཙུགས་མ་ཐག་ཚང་མར་ཐུན་མོང་གི་ངོས་འཛིན་ཞིག་འབྱུང་ཡོང་གི་ཡོད་པ་དེ། ལོ་ན་བཞི་བཅུ་ལྷག་ལ་སོན་པའི་བོད་པ་དར་མ་དག་གིས་མའོ་ཀྲུའུ་ཞིའི་གསུང་བཏུས་ཆོས་དཔེ་བཞིན་བློ་ལ་སྐྱོར་ཐུབ་པ་དང་། མི་རིགས་ངོ་རྟགས་ཀྱི་རྒྱབ་ལྗོངས། དུས་རབས་ཀྱི་རྒྱབ་ལྗོངས། རིག་གནས་གསར་བརྗེ་བཅས་ཀྱིས་ཁོ་ལ་བཏང་བའི་ཕོག་ཐུག་ཡོད་ཚད་གསལ་བོར་མངོན་ཡོང་གི་ཡོད་པ་རེད། གལ་སྲིད་ཐུན་མོང་གི་ངོས་འཛིན་འདི་མེད་ན། ཁོའི་ཡིད་འཛིན་ཡག་པོ་ཡོད་པར་བསམ་སྲིད་པ་ལས། སེམས་ཀྱི་འཆར་སྒོ་དེ་ལས་ལྷག་པའི་གཏིང་ཟབ་སར་འགྲོ་མི་སྲིད། ཡོ་རོབ་གླིང་གི་རྒྱལ་ཁབ་ཁ་ཤས་སུ་ནང་དོན་འདིའི་ཐད་གོ་བ་ལོན་པར་སྟོང་ཆ་ལྷག་ཡོད་སྟབས། མི་སྣ་འདིའི་ལས་དབང་ལ་གོ་བ་གཏིང་ཟབ་ལེན་དཀའ།

དེར་བརྟེན། ཁྱེད་ཀྱིས་གཏམ་རྒྱུད་གང་འདྲ་ཞིག་བཤད་དགོས་པ་དང་། ཚོགས་སྤྱི་གང་འདྲ་ཞིག་ལ་ཁ་གཏད་རྒྱུ་དེའང་ཧ་ཅང་གལ་ཆེན་པོ་རེད། ངའི་བསམ་པར་ཐར་ལོ་ནི་རིག་གནས་ཀྱི་ཁྱད་པར་མེད་པའི་གློག་བརྙན་ཞིག་ཡིན་བསམ་ཡོད་མོད། འོན་ཀྱང་། ད་ལྟ་བལྟས་ན་ད་དུང་ཁྱད་པར་ལྷག་འདུག ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཆེན་པོ་ཡོད་པའི་རིགས་དེ་ཁྱེད་ཀྱིས་གསལ་པོར་བཤད་ཐབས་མེད། འོན་ཀྱང་། ཨ་མེ་རི་ཀར་སྟོན་པའི་སྐབས་སུ་དབྱིན་ཇིའི་བོད་རིག་པ་བ་ཞིག་གིས་བཤད་རྒྱུར། མི་མང་བོ་ཞིག་གིས་ཐར་ལོ་ལ་དཔྱད་བརྗོད་སྤེལ་སྐབས་བོད་ཀྱི་སྐོར་དེ་ཙམ་གླེང་མོལ་བྱེད་ཀྱི་མེད་ལ། གཙོ་བོ་མི་ཡི་སྐོར་གླེང་གིན་ཡོད་པ་ལས་བོད་མིའི་སྐོར་གླེང་གིན་མི་འདུག ཧ་ལམ་ཁོང་ཚོས་ཐར་ལོའི་གནས་བབ་དེ་མིའི་རིགས་ཀྱི་གནས་བབ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་པ་ལས། དམིགས་བསལ་ཀྱི་སྤྱི་ཚོགས་སམ་རིག་གནས་ཤིག་གི་ཁྱབ་ཁུངས་ལ་ངོས་ཟིན་གྱི་མི་འདུག ཁོང་གིས་བཤད་རྒྱུར་གནས་ཚུལ་འདི་དེ་སྔ་བོད་ཀྱི་སྐོར་ནང་དོན་བྱས་པའི་གློག་བརྙན་ལ་འཕྲད་མ་མྱོང་བ་ཞིག་རེད་ཅེས་བཤད་པ་དེ་ནི་དོན་དག་བཟང་པོ་ཞིག་རེད།

བོད་ཀྱི་ལྟད་མོ་བར་ད་དུང་གནད་དོན་ཞིག་ཡོད་པ་ནི། ཐར་ལོའི་ནང་ཐོག་དང་པོར་བོད་ཀྱི་རིག་གནས་ནང་གི་འཛེམ་བྱ་ལ་གཞས་(མཛའ་གཞས་ལེན་པ་) བྱུང་བ་དེ། འཛེམ་བྱའི་ཚད་གཞི་ཆེ་ཆུང་གི་གནད་དོན་ཞིག་མིན་པར། གཞི་རྩའི་ཆ་ནས་ཧ་ཅང་གི་འཛེམ་བྱ་ཆེན་པོ་ཞིག་ཡིན་པའི་གནད་དོན་ཆགས་པ་རེད། གློག་བརྙན་ལ་བལྟས་མྱོང་བའི་བོད་ཀྱི་གྲོགས་པོ་ཞིག་གིས་བཤད་རྒྱུར། ཚབས་ཆེན་རེད། ཁྱིམ་མི་ཚང་མས་མཉམ་དུ་བལྟ་ཐབས་མི་འདུག་ཟེར། བོད་ནང་དུ་ལུས་འབྲེལ་ལྟ་བུའི་རིགས་ཕར་ཞོག བརྩེ་དུང་དང་འབྲེལ་བ་ཡོད་ཚེ། ཕ་མ་བུ་ཕྲུག་དང་གཅེན་གཅུང་གང་ཡིན་གྱིས་མཉམ་དུ་བལྟས་ན། དེ་ནི་ཧ་ཅང་ངོ་ཚ་ཞིག་ལ་བརྩི་བ་ཡིན། སྤྱིར་བཏང་གི་བོད་མིའི་ཁྱིམ་ཚང་འགར་བརྙན་འཕྲིན་གཉིས་གསུམ་བཞག་ནས་སོ་སོར་ཕྱེ་ནས་བལྟ་བ་ཡིན། ཐར་ལོ་ལ་བོད་ཀྱི་ས་ཁུལ་དུ་ཐུན་མོང་ངོས་འཛིན་གྱི་དཔྱད་བསྡུར་ཞིག་བྱུང་ཚེ་སྡིགས་མོ་ཡང་ཕོག་སྲིད་པ་རེད།

___མུ་འགོད།

བཀླགས་གྲངས། 979

2023-07-13 བོད
ཡག་བྱུང་། 

2023-07-12 དུར་བྱང་།
བཀའ་དྲིན་ཆེ། 
2023-07-12 དུར་བྱང་།
བཀའ་དྲིན་ཆེ། 
2023-07-12 གསལ་ལེ་རྒྱལ།
བཀའ་དྲིན་ཆེ། ཆ་ཚང་ཞིབ་མོར་བཀླགས་ཟིན། ད་དུང་བཀླག་ངེས་ཡིན། སྒྱུར་བ་བོ་ལ་དངོས་གནས་བཀའ་དྲིན་ཆེ་ཞུ་འདོད་བྱུང་། 
2023-07-12 དོན་གྲུབ་སྐྱབས།
བཀའ་དྲིན་ཆེ། 

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།