རྒྱ་ནག
____དཔལ་འབྱོར་གནད་དོན་གྱི་གཞི་རྩ་ཆབ་སྲིད་ལ་ཐུག་ཡོད།
ཏ་ལི་བྷན་གྱིས་ཨབ་གྷན་གྱི་སྲིད་དབང་མགོ་རྟིང་སློག་སྐབས་དེ་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་ནི་རྒྱ་ནག་གཞུང་ཡིན་ཞིང་། ཏ་ལི་བྷན་གྱི་སྲིད་གཞུང་གསར་བར་རྒྱལ་སྤྱིའི་འབྲེལ་ལམ་གསར་འཛུགས་བྱེད་མཁན་དང་པོའང་རྒྱ་ནག་ཡིན། ཨེ་ཟི་རལ་དང་པ་ལི་སི་ཐན་གཉིས་དབར་གྱི་ད་ལྟའི་དམག་འཁྲུག་ཁྲོད་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ནང་མངོན་གསལ་དོད་པོས་པ་ལི་སི་ཐན་ལ་རྒྱབ་སྐྱོར་བྱེད་ཀྱིན་པ་མ་ཟད། ཁ་སང་དེ་རིང་ར་ཤི་ཡ་དང་ཨེ་རན། པ་ཀི་སི་ཐན་སོགས་མཐུན་ཕྱོགས་རྒྱལ་ཁབ་ཁག་བསྡུ་སྐོང་གིས་ « བརྒྱུད་གཅིག་ལམ་གཅིག་ »གི་ཚོགས་ཆེན་ཐེངས་གསུམ་པ་དེ་བསྡུས་ནས། རང་གི་ཆབ་སྲིད་དང་དཔལ་འབྱོར་གྱིས་འཛམ་གླིང་དབང་བསྒྱུར་གྱི་འཆར་འགོད་དོན་འཁྱོལ་ཡོང་བར་འབད་བརྩོན་བྱེད་བཞིན་ཡོད། འོན་ཀྱང་། ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སེམས་ཁྲལ་ནི། དེང་ ‘‘ཕྱེད་དམག་འཁྲུག་’’ནང་ལྷུང་བའི་འཛམ་གླིང་ནང་གི་རྒྱ་ནག་གི་སྟོབས་ཤུགས་རྒྱ་བསྐྱེད་དེ་མིན་པར། དཔལ་འབྱོར་གྱི་ནུས་པ་རིམ་བཞིན་ཉམས་དམས་སུ་འགྲོ་བཞིན་པའི་དེ་རིང་གི་རྒྱ་ནག་དེ་ཡིན།
དེང་རྒྱ་ནག་གི་འཛད་སྤྱོད་པའི་སྤྲོ་སྣང་གི་བློ་ཁ་བརླགས་ཤིང་འཛད་གྲོན་གྱི་གསང་མཐིལ་བརྟོལ་དཀའ་བ། དམངས་ཁྲོད་གྱི་མ་འཛུགས་འཕེལ་མེད་སོར་གནས་སམ་བར་མཚམས་ཆད་པ། ས་ཁང་ཚོང་སྒྱུར་གྱི་ཁེ་ལས་ཆེ་ཁག་གི་མ་རྩ་བརྡིབས་ནས་སྦོ་ལུག་མཚམས་ལ་སླེབས་པ། ས་གནས་སྲིད་གཞུང་ཁག་གིས་ཐེག་དཀའ་བའི་བུན་ནག་འཁུར་དགོས་ཤིང་། ལོ་གཞོན་ལས་ཤོར་བའི་གྲངས་འབོར་མུ་མཐུད་ལྡབ་འཕར་བྱེད་བཞིན་པའི་ཐོག ཕྱི་རྒྱལ་ཁེ་ལས་སྡེ་ཁག་གི་རྒྱ་ནག་ནང་གི་མ་འཛུགས་ཇེ་ཉུང་དུ་ཕྱིན་ཞིང་། ཁོ་ཚོའི་རྒྱ་ནག་ནང་གི་ཐོན་སྐྱེད་འཆར་འགོད་མུ་མཐུད་རྒྱུན་སྐྱོང་མི་བྱེད་པ། ཐོན་དངོས་བཟོ་གྲྭ་ཁག་རྒྱ་ནག་ནས་ཕྱིར་འཐེན་གྱིས་རྒྱ་གར་དང་ཝེ་ཐི་ནམ། ཡང་ན་ཐེ་ལན་སོགས་སུ་གནས་སྤོར་བ་སོགས། དེང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་སྔར་བྱུང་མ་མྱོང་བའི་འགོག་རྐྱེན་ཞིག་སླེབས་བཞིན་པ་འདིས། ཞིས་ཅིན་ཕིན་གྱི་དེ་སྔའི་དཔའ་གདེང་གིས་ཁེངས་ཤིང་རང་བརློམ་གཞན་བརྙས་ཀྱི་མགོ་ཁྲིད་བཀོད་འདོམས་ཀྱི་སྣང་བརྙན་ལ་དོ་ཕོག་ཐེབས་བཞིན་ཡོད། སྣང་ཚུལ་འདི་ཕལ་ཆེར་ཁོས་སྲིད་དབང་བཟུང་བའི་ལོ་ངོ་བཅུ་གྲངས་འདིའི་ནང་གི་གླེང་གཞིའི་རླབས་ཚ་ཤོས་དང་རྒྱུན་རིང་ཤོས་དེ་ཡིན། རྒྱ་ནག་གི་དཔལ་འབྱོར་ཉམས་དམས་འདི་འབྱུང་འགྱུར་གྱི་ལོ་ངོ་བཅུ་ཕྲག་འགའི་རིང་མུ་མཐུད་འཕེལ་མེད་སོར་གནས་སུ་ལྷག་རྒྱུའི་སྣང་ཚུལ་མངོན་གསལ་དོད་པོར་བརྟེན། ནུབ་ཕྱོགས་ཀྱི་སྲིད་ཇུས་འཆར་འགོད་པ་ཚོས་དངོས་ཡོད་གནས་སྟངས་དང་མཐུན་པའི་ལེགས་བཅོས་སྙོམ་སྒྲིག་ཅིག་བྱེད་མགོ་བཙུགས་ཡོད།
ཞིས་ཅིན་ཕིན་གྱིས་སྲིད་དབང་བཟུང་མ་ཐག ཁོ་ཐད་ཀར་ཧྲིན་ཀྲིན་ཏུ་སོང་ནས་ཏིང་ཤོ་ཕིན་གྱི་འཇིམ་གཟུགས་མདུན་དྲིལ་བསྒྲགས་རང་བཞིན་གྱི་པར་ཞིག་བསྒྲོན་རྗེས། འཛམ་གླིང་གི་དཔལ་འབྱོར་གླེང་སྟེགས་དང་ཡང་ན་སྟོབས་ལྡན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན། དཔལ་འབྱོར་དང་འབྲེལ་བའི་འཛམ་གླིང་གི་ཡུལ་དུས་གནས་བབ་གང་དུའང་། རྒྱ་ནག་གིས་མུ་མཐུད་ཏིང་ཤོ་ཕིན་གྱི་སྒོ་འབྱེད་ལམ་ཐིག་དེད་དང་འདེད་བཞིན་ཡོད་ཚུལ་སྒྲོག་གི་ཡོད། འོན་ཀྱང་། ཞིས་ཅིན་ཕིན་རང་ངོས་ནས་མའོ་ཙེ་ཏུང་རིང་ལུགས་ཀྱི་འཆར་གཞི་དཔལ་འབྱོར་བསྐྱར་གསོ་བྱེད་པར་གཙོ་འཛིན་བྱེད་བཞིན་ཡོད། ཁོས་ཕྱིའི་མ་དངུལ་ནང་འགུག་དང་མཉམ་དུ་རྒྱལ་ཁབ་ཡར་རྒྱས་ཀྱི་ཐོན་ཁུངས་དང་གལ་གནད་དེ་རྒྱལ་གཉེར་ཁེ་ལས་སྟེང་དུ་བཞག་ཡོད་ཅིང་། དེ་ལས་ཀྱང་གཙོ་བོ་རྡོ་སྣུམ་དང་དངུལ་ཁང་། བརྡ་འཕྲིན། འགྲིམ་འགྲུལ། ད་དུང་དམག་དོན་རྒྱ་བསྐྱེད་སོགས་ཀྱི་སྟེང་དུ་བཞག་ཡོད། དམར་ཤོག་ཚོགས་པའི་ཏང་གི་ཚོགས་ཆེན་ཉི་ཤུ་བའི་རྗེས་སུ། ཞིས་ཅིན་ཕིན་གྱིས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་དོན་ཡོངས་རྫོགས་དབུས་དམར་ཤོག་གཞུང་གི་དཔོན་རིགས་ཚོའི་ལག་ཏུ་བཞག་ཡོད། དཔེར་ན། དབུས་ཕྱི་འབྲེལ་ཨུ་ཡོན་ལྷན་ཁང་དང་དབུས་ནོར་སྲིད་ཨུ་ཡོན་ལྷན་ཁང་། དབུས་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། དབུས་ཆབ་སྲིད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་མི་བདུན་པོའི་ཐད་ཀར་སྟངས་འཛིན་འོག་བཞག་ནས་དབང་ཆ་གཅིག་སྡུད་བྱས་ཡོད། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་རྗེས་ཀྱི་རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཨུ་ཡོན་ལྷང་ཁང་གི་རྒྱུན་ལས་མི་བདུན་དང་། དེ་དག་གི་ཉེ་འཁོར་གྱི་མི་རྣམས་ལ་ལྟ་སྐབས། སྔར་ལས་ལྷག་པར་ཚང་མ་ཞིས་ཅིན་ཕིན་གྱི་སྐུ་འཁོར་དཔོན་རིགས་དང་དེ་དག་གི་འཁོར་གཡོག དམིགས་བསལ་ཁོ་ཧྥུའུ་ཅན་དང་ཀྲིག་ཅང་དུ་ཡོད་སྐབས་ཀྱི་རྒྱུས་ཡོད་ལས་རོགས་དང་། ཡང་ན་ཁོའི་ཕ་ཡུལ་གཅིག་པ་ཧྲན་ཞི་པ་རྐྱང་ཡིན། ཤོག་ཁག་སྒྲིག་འཛུགས་ཀྱི་ཆ་ནས་ཞིས་ཅིན་ཕིན་རང་གི་གཙོ་འཛིན་མའོ་ཙེ་ཏུང་ལས་ཀྱང་སྤྱང་གྲུང་ལྡན་ཞིང་བློ་རིག་རྒོད་ཡོད།
ན་ནིང་ཏོག་དབྱིབས་ནད་སེལ་གྱི་སྲིད་ཇུས་ཕྱོགས་ཡོངས་ནས་མཚམས་འཇོག་བྱས་རྗེས། རྒྱ་ནག་གཞུང་གིས་ཏོག་ནད་རྗེས་ཀྱི་དཔལ་འབྱོར་ཡར་རྒྱས་བསྐྱར་གསོ་བྱས་ཡོད། འོན་ཀྱང་། ད་ལོའི་ཕྱི་ཟླ་བརྒྱད་པའི་བར་གྱི་རྒྱ་ནང་གི་དཔལ་འབྱོར་འཕེལ་ཚད་ཀྱི་སྡོམ་གྲངས་ལ་ལྟ་སྐབས། ཕྱིར་འཚོང་དང་འཛད་གྲོན། ཕྱིའི་ཁེ་ལས་མ་འཛུགས་སོགས་ཀྱི་ཐད་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པའི་ཐོག ད་ལོའི་རྒྱ་ནག་རྒྱལ་ནང་གི་ཐོན་སྐྱེད་གཞི་གྲངས་དེ་བརྒྱ་ཆའི་ལྔ་ཡང་བརྒལ་ཐུབ་མིན་ལ་ཐེ་ཚོམ་ཡིན། ད་དུང་འདས་པའི་ཟླ་ཤས་ནང་ཁྱད་མཚར་བའི་སྣང་ཚུལ་ཞིག་བྱུང་བ་ནི། ཕྱོགས་གཅིག་ནས་རྒྱལ་སྤྱིའི་ཁོར་ཡུག་ནང་དང་། ལྷག་པར་དུ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས། སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་གལ་ཆེའི་ཚོགས་ཆེན་སོགས་སུ། རྒྱ་ནག་གི་དཔོན་རིགས་ཚོས་ནུས་ཤུགས་བཏོན་ནས་ཕྱི་རྒྱལ་ཁེ་ལས་ཁག་གིས་རྒྱ་ནག་ནང་མ་འཛུགས་དང་། རྒྱ་ནག་ནང་གི་ཐོན་སྐྱེད་འཆར་འགོད་མུ་མཐུད་རྒྱུན་འཁྱོངས་ཡོང་བ། ཐོན་སྐྱེད་བཟོ་གྲྭ་ཁག་རྒྱལ་ཁབ་དང་ས་གནས་གཞན་དུ་མི་སྤོ་བའི་ཆ་རྐྱེན་ལ་ཁག་ཐེག་བྱེད་བཞིན་ཡོད་ནའང་། ཨ་རི་གཙོས་པའི་ནུབ་ཕྱོགས་མ་རྩ་རིང་ལུགས་པས་རྒྱ་ནག་གི་རིམ་འགྱུར་སྲིད་ཇུས་ལ་སིམ་འཛུལ་བྱེད་བཞིན་པའི་ལྟ་ཚུལ་འོག ཕྱོགས་གཞན་ནས་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གིས་རྒྱ་ནག་གི་དཔལ་འབྱོར་གཞི་གྲངས་ཐོག་ཚོར་ཤུགས་རྣོན་པོ་བཟུང་ནས། དཔལ་འབྱོར་གཞི་གྲངས་ལ་རྒྱལ་ཁབ་གཞན་གྱི་ཞིབ་འཇུག་བྱེད་མཁན་གྱི་ཁེ་ལས་སྡེ་ཚན་དང་། ཡང་ན་འཛམ་གླིང་གི་རྩིས་ཞིབ་སྡེ་ཚན་ཆེན་པོ་བཞི། དེ་བཞིན་དེ་ལ་ཞིབ་འཇུག་བྱེད་མཁན་གྱི་ཁེ་ལས་སྡེ་ཚན་ཚང་མར་བཀག་སྡོམ་དང་དཀའ་ངལ་སྤྲད་ཡོད། ལྷག་པར་དུ་གསང་མྱུལ་འགོག་རྒོལ་གྱི་སྲིད་ཇུས་གཏན་འབེབས་བྱས་རྗེས། ཞིས་ཅིན་ཕིན་གྱིས་ཁོའི་སྐུ་འཁོར་དཔོན་རིགས་ཚོར་ཕྱི་རྒྱལ་བ་དང་ཕྱི་རྒྱལ་གྱི་ཚོང་ལས་ཁེ་གཉེར་བ་ཚོས། རྒྱལ་ཁབ་མགོ་རྟིང་སློག་པའི་བྱ་སྤྱོད་སྤེལ་གྱི་ཡོད་མེད་ལ་དོགས་ཟོན་དགོས་པའི་འབོད་སྐུལ་ཡང་ཡང་བྱས་ཡོད། དེར་བརྟེན། ཞིས་ཅིན་ཕིན་ལ་མཚོན་ན་དཔལ་འབྱོར་ལས་བདེ་འཇགས་གལ་ཆེ་བ་ཆགས་ཡོད།
ཞིས་ཅིན་ཕིན་གྱིས་སྲིད་དབང་བཟུང་བ་ནས་བཟུང་། ཁོས་རབས་དང་རིམ་པ་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་བའི་སྐོར་དོ་དམ་པོའི་སྒོ་ནས་གླེང་ཡོད། དཔེར་ན། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཆེད་ལམ་ལུགས་བདེ་འཇགས་སྲུང་སྐྱོབ་དང་། དེ་བཞིན་ཆབ་སྲིད་བདེ་འཇགས་སྲུང་སྐྱོབ། འཐབ་ཕྱོགས་བདེ་འཇགས་སྲུང་སྐྱོབ། རིག་གཞུང་བདེ་འཇགས་སྲུང་སྐྱོབ། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་དང་རིན་ཐང་ལྟ་ཚུལ་གྱི་བདེ་འཇགས་སྲུང་སྐྱོབ་སོགས་ལྟ་བུ། ད་དུང་ཁོས་རྒྱལ་ཁབ་གཙོ་འཛིན་གྱི་ལས་ཡུན་དུས་ངེས་མེད་བར་རྒྱུན་བསྲིངས་བ་མ་ཟད། རང་གི་བསམ་བློའི་ལྟ་བ་ཏང་གི་སྒྲིག་གཞིའི་སྲོག་ཤིང་ནང་བཅུགས་ཡོད། སྣང་ཚུལ་འདིའི་རིགས་ཀྱིས་ང་ཚོར་བྱིན་པའི་བརྡ་ལན་ནི། ཁོས་བཏོན་པའི་བདེ་འཇགས་སྲུང་སྐྱོབ་ཀྱི་རིན་ཐང་ལྟ་ཚུལ་གྱི་དགོས་དམིགས་ལྟེ་བ་ནི། ད་ལྟའི་རྒྱ་ནག་དམར་ཤོག་ཚོགས་པའི་དབང་བསྒྱུར་གྱི་བདེ་འཇགས་སྲུང་སྐྱོབ་དང་། དེ་ལས་ཀྱང་ཞིས་ཅིན་ཕིན་རང་ཉིད་ཀྱི་ད་ལྟའི་དབང་ཤུགས་གནས་བབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ་དེར་གྱུར་ཡོད། སྣང་ཚུལ་དེས་ང་ཚོར་བཏོན་པའི་དྲི་བ་ནི། ཞིས་ཅིན་ཕིན་གྱི་བདེ་འཇགས་སྲུང་སྐྱོབ་ཀྱི་རིན་ཐང་ལྟ་ཚུལ་འདིས། རྒྱ་ནག་གཞུང་གི་ནང་སྲིད་དང་ཕྱི་འབྲེལ་གྱི་སྲིད་ཇུས་ལ་སྤྲད་པའི་ཤུགས་རྐྱེན་གང་འདྲ་ཡིན་ནམ། ལྷག་པར་དུ་དཔལ་འབྱོར་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་གང་འདྲ་ཡིན་ནམ་ཞེས་པ་དེ་ཡིན།
ཆབ་སྲིད་ཀྱི་རྙི་ལ་ཚུད་པའི་རྒྱ་ནག་གི་དཔལ་འབྱོར་ཉམས་དམས་འདི་ལ་ནུབ་ཕྱོགས་པས་བསྒྱུར་བཅོས་ཀྱི་སྙོམ་སྒྲིག་གསར་པའི་བསམ་གཞིགས་བྱེད་སྟངས་ནི། ཁོ་ཚོས་རྒྱ་ནག་གི་ཉམ་ཆག་འདི་རང་གི་འཕེལ་རྒྱས་ཤིག་ལ་ངོས་འཛིན་བྱེད་མི་ཉན་པར། ད་ལྟའི་ཆར་ ‘‘འཛམ་གླིང་དཔལ་འབྱོར་གཅིག་’’གི་སྒྲོམ་གཞིའི་འོག་རྒྱ་ནག་ལ་དཔལ་འབྱོར་གྱི་ཆག་སྒོ་བྱུང་ཚེ། འཛམ་གླིང་ལ་དེ་མཚུངས་ཀྱི་ཤུགས་རྐྱེན་ཐེབས་ངེས་པ་དང་། ས་ཁང་ཚོང་བསྒྱུར་གྱི་ཁེ་ལས་ཁག་གི་སྦོ་ལུགས་པ་དང་། རྒྱ་ནག་གི་མི་འབོར་འཕེལ་རྒྱས་མངོན་གསལ་ཐོག་མར་འགྲིལ་བ་སོགས་ཀྱིས། ངལ་རྩོལ་ནུས་ཤུགས་བརྒྱ་ཆའི་བཞི་བཅུ་མར་ཆགས་ཟིན་པ་དེས། དེ་རིང་གི་རྒྱ་ནག་གི་དཔལ་འབྱོར་ཉམ་ཆག་འདིའི་དུས་ཡུན་ཐུང་ཐུང་ཞིག་མིན་པར། ཉུང་མཐར་ཡང་༢༠༥༠་ལོར་བར་ལྷག་རྒྱུ་ཡིན་པ། ཕྱི་ཚུལ་ལ་རྒྱ་ནག་གི་དཔལ་འབྱོར་དོ་དམ་འཛིན་སྐྱོང་དེ་ཧ་ཅང་གི་ཚགས་དམ་ནའང་། ཞིས་ཅིན་ཕིན་གྱི་ལས་ཡུན་ནང་རྒྱ་ནག་གིས་དཔལ་འབྱོར་སྟངས་འཛིན་དམ་དུ་བཏང་བ་དང་། ཕྱི་རྒྱལ་གྱི་ཁེ་ལས་སྡེ་ཚན་ཁག་ལ་སུན་བཙིར་བཟོས་པ། རྒྱ་ནག་ནང་རང་དབང་གི་བསམ་བློ་ཡོད་པའི་ཁེ་ལས་སྣེ་འཁྲིད་པ་ཚོར་སྡིག་ར་བསྐུལ་བ་སོགས་ཀྱིས། མ་དངུལ་ཕྱི་ལ་ཤོར་ཚད་མུ་མཐུད་ནས་ཇེ་མང་དུ་སོང་བ་དང་ཕྱུག་བདག་རྒྱ་ནག་དང་ཁ་བྲལ་མཁན་ཡང་ཇེ་མང་དུ་འགྲོ་བཞིན་པ་དེས། འབྱུང་འགྱུར་ཁོ་ཚོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པ། ད་ལོའི་ཕྱི་ཟླ་དྲུག་པའི་ནང་གཞོན་སྐྱེས་ལས་ཤོར་བའི་གྲངས་འབོར་བརྒྱ་ཆའི་ཉེར་གཅིག་ཟིན་པ་དང་། དེ་འདས་པའི་ལོ་བཞིའི་སྔོན་གྱི་གྲངས་འབོར་དང་བསྡུར་ན་ལྡབ་གཉིས་ཡིན་ཞིང་། ཉེ་སྔོན་ནས་བཟུང་རྒྱ་ནག་གཞུང་གིས་གཞོན་སྐྱེས་ལས་ཤོར་བའི་གྲངས་འབོར་གསང་ཐབས་བྱས་པ་དེས། གཞོན་སྐྱེས་ཚོའི་སྤྱི་ཚོགས་ལ་བློ་ཁ་མ་ཁེངས་བའི་སྒང་ལ་འབར་རྫས་ལ་མེ་རྟ་བཞག་པ་ལྟར་གྱུར་ཡོད་སྟབས། རྒྱ་ནག་ནང་གཞོན་སྐྱེས་ཚོའི་ངོ་རྒོལ་སླེབས་ཉེན་ཆེ་བ་སྟེ། ཕྱི་ལོ་༡༩༨༩ ལོའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་ལས་འགུལ་མ་བྱུང་བའི་སྔོན་ཏག་ཏག་དེར་སྣང་ཚུལ་འདི་བྱུང་ཡོད། ཆོས་ཉིད་ཀྱི་ཆ་ནས་ཀྱང་ནམ་ཞིག་རེ་བའི་དབུ་འཕང་དགུང་ནས་དགུང་དུ་བསྙེགས་སྐབས། གློ་བུར་དུ་སྤྱི་ཚོགས་དང་དཔལ་འབྱོར་ཇེ་ངན་ཇེ་སྡུག་ཏུ་འགྱུར་སྐབས་གསར་བརྗེ་ནི་བྱུང་ཆོག་ཆོག་ཏུ་ཡོད་སྟབས། དེང་གི་རྒྱ་ནག་གི་སྤྱི་ཚོགས་བརྟན་བརླིང་མིན་པ། ཟླ་སྔོན་མའི་ནང་ཨ་རིའི་སྲིད་འཛིན་བྷེལ་ཊེན་གྱིས་རྒྱ་ནག་གི་དབུ་འཁྲིད་སྐོར་གླེང་སྐབས་ ‘‘ནམ་ཞིག་མི་ངན་ལ་དཀའ་ངལ་འཕྲད་སྐབས། ཁོས་བྱེད་རྒྱུ་ནི་བྱ་བ་ངན་པ་རྐྱང་ཡིན་’’ཞེས་པ་ལྟར། དེང་རྒྱ་ནག་གི་དཔལ་འབྱོར་ཉམ་དམས་སུ་འགྲོ་བཞིན་པའི་སྐབས་འདིར། ཐེ་ཝེན་མཚོ་འགག་གི་ཉེན་ཁ་ནི་རིམ་བཞིན་ཇེ་ཆེར་འགྲོ་བཞིན་པ་སོགས་ལེགས་བཅོས་སྙོམ་སྒྲིག་འདིའི་བསམ་གཞིགས་ཀྱི་ལྟེ་བར་བཟུང་ཡོད།
དེར་བརྟེན། དེང་འཛམ་གླིང་ ‘ཕྱེད་དམག་འཁྲུག་’’གི་ནང་དུ་ལྷུང་སྐབས་འདིར། རྒྱ་ནག་གིས་གོ་སྐབས་དམ་འཛིན་གྱིས་རང་ཉིད་རྒྱ་བསྐྱེད་བཞིན་ཡོད་ནའང་། ནུབ་ཕྱོགས་པ་ཚོས་འཛམ་གླིང་གི་དཔལ་འབྱོར་སྒྲོམ་གཞི་དང་རྒྱ་ནག་གི་དཔལ་འབྱོར་ཉམ་ཆག་གི་ཡུན་ཚད། དེ་བཞིན་ཞིས་ཅིན་ཕིན་གྱི་དཔལ་འབྱོར་སྟངས་འཛིན་གྱི་འཐུས་ཤོར། རྒྱ་ནག་གི་སྤྱི་ཚོགས་བརྟན་ལྷིང་། དེ་བཞིན་ཐེ་ཝེན་གནད་དོན་སོགས་ཀྱི་སྟེང་ནས་བསམ་གཞིགས་དང་དབྱེ་ཞིབ་བྱས་ནས། འབྱུང་འགྱུར་ལེགས་བཅོས་སྙོམ་སྒྲིག་གི་ཐབས་ལམ་གསར་པ་ཞིག་འཚོལ་བཞིན་ཡོད་ལ། དཔལ་འབྱོར་གནད་དོན་གྱི་གཞི་རྩ་ཆབ་སྲིད་ལ་ཐུག་པའི་རྒྱ་ནག་ལ་མཚོན་ན། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ལེགས་བཅོས་སྙོམ་སྒྲིག་གསར་པ་འདིའི་འགྲན་སློང་ས་དང་གདོང་ལེན་ས་ནི། ཞིས་ཅིན་ཕིན་དང་ཁོའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དེ་སྔའི་དར་རྒྱས་ཀྱི་ཆ་དེ་མིན་པར། ད་ལྟའི་ཉམས་རྒུད་ཀྱི་ཆ་དེ་ཡིན།
བཀླགས་གྲངས། 797