Back To Top

ཕུ་བོ་གློ་བུར་ཏུ་གྲོངས་རྗེས།

གསལ་ལེ་རྒྱལ།

བཀླགས་གྲངས། 1590

       ཕུ་བོ་གློ་བུར་ཏུ་གྲོངས་རྗེས།

              གསལ་ལེ་རྒྱལ། 

 

མིག་ཆུའི་ཟེགས་མ་ཁོག་ལ་མིད་པ་སེམས་ཀྱི་རི་ལ་ཆར་ཏུ་བབས།།

ཆར་ཆུའི་རླངས་པ་ངག་ལས་ཐོན་པ་དབྱངས་གསལ་སོ་བཞིའི་སྨུག་ལ་འདྲེས།། 

མཛའ་གྲོགས་ཉི་མའི་འོད་ཟེར་ཕྲ་མོས་གནམ་སའི་བར་མཚམས་ཅུང་ཙམ་ཕྱེས།། 

གཅེས་ཕྲུག་བུ་མོའི་རྒྱུད་མངས་ངག་གིས་ཉིན་མཚན་དབྱེ་བ་རྟོགས་ཙམ་བྱུང་།། 

 

མ་གཅིག་ནུ་མ་ཁ་རེས་བྱས་པའི་ཕ་གཅིག་སྤུན་གྱི་ཡང་སྤུན་ཁྱོད།། 

ན་བ་ཚ་བས་ཉེན་བརྡ་མེད་པར་སྙིང་གི་འཕར་ལྡིང་བཀག་པ་དེ།། 

བསླུ་མེད་ལས་ཀྱི་འབྲས་བུ་ཡིན་མིན་མཆོག་གསུམ་ལྷ་ཡི་ཁྲིམས་ལ་གཏུག།

ཚེ་རབས་སྔོན་མའི་ཉེས་པ་བཀལ་ན་ངོས་ལེན་རྩ་བ་ཉིད་ནས་མེད།།

 

བརྩེ་བའི་གྲོགས་དང་མཛའ་བའི་བཤེས་སོགས་རང་རིགས་མཐུན་པའི་ཁོར་ཡུག་ན།།

སུ་དང་གང་ལ་དཀའ་ངལ་ཡོད་ན་དེ་ན་རྒྱུན་དུ་གནས་པ་དེས།།

ཚེ་ཐོག་འདི་ནས་བསགས་པའི་ལས་དང་བསོད་ནམས་བཟང་བོ་སུ་ཡིས་བརྐུས།།

བར་ཆད་རྐུན་མ་ལས་ལས་བཙན་ན་སྲོག་བདག་གཉོམ་པོས་སུ་ལ་ཞུ།།

 

བཅོམ་ལྡན་འདས་མའི་སྐུ་དང་གསུང་ཡང་ཚོང་དུ་སྒྱུར་བའི་ལས་བྱེད་པ།།

དངོས་སུ་མཐོང་བའི་ཚེ་རིང་དེ་ཚོར་ཚེ་ཡི་དངོས་གྲུབ་སུ་ཡིས་བྱིན།།

སྤྱོད་པ་བཟང་བོར་རྟག་ཏུ་གནས་ཤིང་གཞན་ཕན་རྣལ་མའི་ལྷག་བསམ་ཅན།།

བདག་གི་ཕུ་བོའི་ཕན་སེམས་འབྲས་བུ་སྐུ་རྟེན་རྐུན་མ་སུ་ཡིས་བརྐུས།།

 

ཡོད་ཡོད་འདྲ་ལ་མེད་མེད་འདྲ་བའི་རྒྱུ་དང་འབྲས་བུའི་རྣམ་བཞག་སྟེ།།

གཉོམ་པོར་ཡོད་ལ་བཙན་པོར་མེད་པའི་སྡར་མ་སྨྱོན་པའི་རལ་གྲི་དང་།།

བར་ཆད་བཙན་པོའི་དཔུང་བ་སྦོམ་པོ་ལས་དབང་གཉོམ་པོའི་གཉའ་ཤིང་འདི།།

མཆོག་གསུམ་ལྷ་ཡི་ཁྲིམས་ཁ་བཙན་པོར་གཉོམ་ཆུང་གཉའ་བ་གུག་སྟེ་ཞུས།།

 

༢༠༢༣/༠༦/༠༡ ལ་ཕ་རེ་སུ་ནས། 

 

2023-07-11 Sumbatsang
ཨོཾ་མ་ཎི་པདྨེ་ཧཱོུཾ།། ཨོཾ་མ་ཎི་པདྨེ་ཧཱོུཾ།། ཨོཾ་མ་ཎི་པདྨེ་ཧཱོུཾ།། འཇིག་རྟེན་འདིར་ཆེས་བཙན་ཤོས་དེ་འཆི་བ་རེད།ང་ཚོས་ཀྱང་ འཆི་བ་མི་རྟག་པ་ལ་་གཡོལ་ཐབས་ཡོད་པ་མ་རེད།  ཉིད་ཀྱི་ཕུ་བོ་གྲོངས་པ་ལ་གདུང་སེམས་མཉམ་བསྐྱེད་དང་། མྱ་ངན་གུས་འདུད་ཞུ། 
2023-06-12 ཇག་ལྷ་དཀར་པོ།
བཤད་དཀའ་བ་དེ་སྐྱེ་འཆི་རེད་ལ། བཟོད་དཀའ་བ་ཡང་དེས་བསྐྱེད་པའི་གདུང་བ་དག་ཡིན་ངེས། ཁག་མེད་ཀི སྙན་དངགས་ཀྱིས་རང་སེམས་གསོས། 
2023-06-04 ཤེད་བུ།
ཁ་སང་འཛུམ་པའི་ངག་གིས་རྩེད་མཚར་བཅས། །
གློག་གཟུགས་ཤེལ་མིག་ནང་དུ་དགོད་བཞིན་པ། །
དེ་རིང་བྱ་སྒྲོ་རླུང་གིས་བསྐྱོད་པ་བཞིན། །
བར་དོར་འཁྱམས་པའི་ཚུལ་འདི་ཀྱེ་མ་ཧོ། །

མྱ་ངན་ཆུ་ལོག་བརྡོལ་བའི་འཁུན་སྒྲ་ཡང་། །
དབྱངས་ལྡན་ལྷ་མོའི་ངག་ལས་བརྡོལ་བ་ན། །
མྱ་ངམ་ཐང་ལ་བསིལ་བའི་ཆར་བཞིན་དུ། །
སིམ་པའི་བདེ་བ་འདི་ཀོ་ཨེ་མ་ཧོ། །


2023-06-02 ཁ་བ་ཅན།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།