Back To Top

རིན་པོ་ཆེ། སྐྱབས་སུ་མཆི།

བཀླགས་གྲངས། 1048

གསལ་ལེ་རྒྱལ།

        རིན་པོ་ཆེ། སྐྱབས་སུ་མཆི། 

                      གསལ་ལེ་རྒྱལ། 

 

སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།  

ཉམས་ལེན་མྱུར་མོས་འགྲོ་དོན་མཛད་པ་ཡིས།། 

གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོའི་སྐུ།།

སྐྱེས་རྒ་ན་འཆིའི་དབང་ལས་གྲོལ་གྱུར་ཡང་།།  

རྟོགས་པ་ལྷར་མཉམ་མི་ཡི་སྤྱོད་པ་ཡི།། 

དགོངས་པ་ཉམས་ལེན་གཞན་བསྟུན་མཛད་པ་ཡིས།།  

ཅུང་ཙམ་རྒས་པའི་ཉམས་སྣང་བསྟན་པ་འདི།།  

མཇལ་བ་ཙམ་གྱིས་ང་དང་ང་འདྲ་རྣམས།།  

ཅི་མཐོང་མངོན་སུམ་ལྟར་སྣང་བྱིས་བློ་ཡིས།། 

རང་སེམས་ལྷོད་ལ་འབབ་པར་མི་ནུས་པས།། 

འཆི་མེད་རྒས་མེད་ལྷ་ཡི་དངོས་གྲུབ་ཀྱིས།། 

རྟག་ཏུ་སྲུང་བའི་ལྷ་ཕྲུག་གཞོན་ནུའི་སྐུ།། 

དྲན་པ་ཙམ་གྱིས་དགའ་བདེ་སྐྲུན་པའི་གཟུགས།། 

མ་གྱུར་འགྲོ་བའི་མིག་ལ་བདེ་སྟེར་བ།། 

གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི།། 

ཅི་མཛད་ཐམས་ཅད་རང་དབང་ཐོབ་པའི་སྐུ།།

རྒས་ཚུལ་མི་ཡི་སྤྱོད་པར་མི་བསྟུན་པར།། 

དགོངས་ལོ་ཉི་ཤུའི་ཉིན་གུང་ཉི་མ་བཞིན།། 

ལྷ་ཕྲུག་གཞོན་ནུའི་སྐུ་ལུས་པདྨོ་ཡི།། 

མཛེས་སྡུག་རྟག་བརྟན་དུས་བཞིའི་རྒྱན་དུ་གནོངས།། 

 

དྭངས་གཙང་སེམས་ནས་བབས་པའི་གསོལ་འདེབས་འདི།།

ཞེ་སའི་ཚིག་གིས་དབུལ་བའི་ཨ་མདོ་བ།།

གུས་མི་ཤེས་པའི་གུས་ལྡན་བློ་འཕེལ་གྱི།། 

དད་གུས་བརྩེ་གསུམ་བརྩེགས་པའི་སྙིང་ནས་བྲིས།།

 

2023-10-27 ངོ་མ་ཡག་གི་ཡ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།