བཀླགས་གྲངས། 994
གསལ་ལེ་རྒྱལ།
ཁ་སང་གི་ཉིན་ཐོའི་ཁ་སྣོན།
གསལ་ལེ་རྒྱལ།
ཉིན་མཚན་དྲུག་ལ་ཉལ་སའི་ནང་ནས།།
ཤི་མ་གསོན་གྱིས་འཕགས་འཚག་བྱས་པས།།
ད་ནི་རང་གི་ཉལ་ས་རིག་ན།།
གསལ་ལེ་ཟ་དགའ་ཉལ་སྐྱིད་ང་ཡང་།།
ཉལ་འདོད་སེམས་པ་གཏིང་ནས་ལོག་གི།
ཤི་གསོན་འཕྱི་མའི་ལ་རིང་བརྒྱུད་དུས།།
གཅེས་པའི་བུ་མོ་ཡང་ཡང་དྲན་ཡང་།།
བྱིས་པ་བསམ་མེད་ཅིག་གི་མིག་ཆུ་ཕུལ་ཡང་།།
གཤིན་རྗེ་ཆོས་རྒྱལ་སྙིང་རྗེ་མེད་པས།།
ངུས་དང་མ་ངུས་མེད་པ་ཤེས་ནས།།
ན་ཟུག་སྙིང་ལ་རུམ་ནས་ཅི་ཡང་མ་བཤད།།
འདི་འཕྱི་གཉིས་ཀའི་མཚམས་ལ་སླེབས་དུས།།
ཤི་མ་གསོན་གྱི་ཕྱིར་མིག་བར་ནས།།
གསལ་མ་གསལ་གྱི་མཐོང་སྣང་ཞིག་ལ།།
གྲོགས་ཀྱི་དྭངས་མ་སྟག་གི་སྙིང་ཅན།།
ཤད་མང་ཤེད་བུས་ཆུང་མ་ཁྲིད་ཅིང་།།
རིལ་དཀར་ཐོག་མདའ་ལག་ལ་བཟུང་སྟེ།།
འགོས་ནད་གཡོལ་མེད་དགྲ་ཡི་མདུན་དུ།།
གཤིན་རྗེ་ལས་མཁན་འགའ་ལ་འཐམ་འདུག།
སྐྲ་ཡི་སི་ལི་གནམ་ལ་ཕྱོགས་ཤིང་།།
ཁྲོ་བའི་མིག་རྩ་དམར་བོར་གྱུར་ཏེ།།
སྙིང་རླུང་ཡ་ཆུང་སྟོད་ལ་འཚང་བས།།
སེང་གེ་རྒྱལ་བོའི་ཁོག་སྟོད་བཞིན་དུ།།
ལུས་སྟོད་ལྡབ་གྱིས་ཆེ་རུ་གྱུར་འདུག།
གྲོགས་པོའི་ཕྱི་ཐག་རིང་མོའི་སྣེར་འཇུས་ནས།།
སངས་རྒྱས་སྨན་གྱི་ལྷ་ལ་གསོལ་བ་འདེབས་བཞིན།།
ངས་ཀྱང་ཤི་མ་གསོན་གྱི་ལུས་པོའི་སྟེང་ན།།
ལྷག་པའི་ནུས་པ་ཡོད་རྒུ་བཏོན་ནས།།
ཁ་ཆུ་སྣ་ཆུ་ཕྱི་བཞིན་འཕག་ཙམ་བྱས་པས།།
ཡང་བསྐྱར་མི་ཡི་ཡུལ་ལ་ལྡིག་སེ་ལྷུང་ཐལ།།
ཟས་དུག་ཆམ་པ་གཉིས་ཀ་མཉམ་ལོག་བྱས་ནས།།
འཕྱི་མའི་ལམ་སྣེ་བར་དུ་བཙན་གྱིས་ཁྲིད་དེ།
ཤི་གསོན་འཕྱི་མའི་ལ་ཁར་ཉིན་འགར་བསྡད་རྗེས།།
གྲོགས་ཀྱི་དྭངས་མ་ཤེད་བུ་དང་ནི།།
ས་མཐའི་སྲིང་མོ་དཀར་མོ་གཉིས་ཀས།
ངང་ལག་ཟས་ཀྱི་བརྔན་པ་བཟུང་ཞིང་།།
བླ་བྲང་རིལ་བུས་སྨན་གསོ་བྱས་ཏེ།།
སྲོག་སྐྱོབ་བྱ་བའི་ཞབས་ཞུ་བྱས་པས།།
དེ་རིང་བདག་གི་སྲོག་མགོ་ཐོན་ནས།།
ཡང་བསྐྱར་གཡོག་པོའི་ལས་ལ་ཞུགས་ཡོད།།
བཀའ་དྲིན་ཆེ་བོ་གྲོགས་ཀྱི་དྭངས་མ།།
ཐུགས་རྗེ་ཆེ་བོ་ས་མཐའི་སྲིང་མོ།།
