བཀླགས་གྲངས། 956
གསལ་ལེ་རྒྱལ།
སྐུ་ངོ། སྐྱུག་བྲོ་བའི་ཐ་སྙད།
གསལ་ལེ་རྒྱལ།
ཆབ་སྲིད་པ་དང་ཆོས་ལུགས་པས་ཁྱིམ་གཞི་གཅིག་མཉམ་དུ་བཟུང་བ་ནས།
རབ་བྱུང་བ་དང་འཇིག་རྟེན་པས་སྒོའི་ཕྱི་ཁྱིམ་བར་ནས་དཔུང་ཐུག་བརྒྱབ།
འཇིག་རྟེན་པའི་བཟོད་སྒོམ་གྱིས་རབ་བྱུང་བའི་དཔུང་ཤ་རབ་ཏུ་རྒྱས།
རབ་བྱུང་བས་ཁ་དམག་བརྒྱབ།
འཇིག་རྟེན་པས་གཡང་འབོད་བྱས།
རབ་བྱུང་བས་ལ་གཞས་བླངས།
འཇིག་རྟེན་པས་མ་ཎི་བཏོན།
འཇིག་རྟེན་པ་དང་རབ་བྱུང་བས་སྦྲ་མཐིང་སྨུག་གི་ཁ་རུ་ནུབ་ལ་བསྐོར།
རབ་བྱུང་བས་ལ་གཞས་ཡང་ཡང་བླངས་པས།
དགོ་དགོ་འབྲི་མོའི་བཞོ་དབྱངས་རིམ་གྱིས་ཆད།
ཨ་མའི་མིག་ཆུ་དང་འབྲི་མོའི་འོ་མ་མཉམ་དུ་འདྲེས།
ཨ་མའི་མིག་ཆུ་འཐུང་རྗེས།
རབ་བྱུང་བས་ཡང་བསྐྱར་ལ་གཞས་བླངས།
ཨ་མས་ཁུ་སིམ་སིམ་གྱིས་མིག་ཆུ་ཁོག་ལ་མིད།
ཆེས་ལྟ་ན་སྡུག་པའི་འཇིག་རྟེན་ཞིག་འདི་ལྟར་རྫོགས་སོང་།
བྱམས་པ་དང་བརྩེ་བ།
དད་པ་དང་དམ་ཚིག་གིས་བཅིངས་པའི་འཇིག་རྟེན་ཞིག་འདི་ལྟར་རྫོགས་སོང་།
ངའི་མིག་མདུན་ནས།
རབ་བྱུང་བའི་བཞིན་རས་ལ།
“སྐུ་ངོ”ཞེས་པའི་ཐ་སྙད་ཅིག་གིས་ལྷན་པ་བརྒྱབ་པ་ནས་བཟུང་།
རབ་བྱུང་བར་ངོ་ཚ་མེད་པར་གྱུར།
ཨ་མའི་མིག་ཆུས་མ་རྒྱགས་པའི་རབ་བྱུང་བ།
ལྷ་རམས་པ།
མཁན་པོ།
སློབ་དཔོན།
མིང་གིས་མ་རྒྱགས་པའི་རབ་བྱུང་བ།
ཡོད་ཚད་ཀྱི་ཡོད་ཚད།
སྐུ་ངོ། སྐྱུག་བྲོ་བའི་ཐ་སྙད་འདིའི་ནོར་འཁྲུལ་ཡིན།
སྐྱ་སར་བབས་ནས་ཁྱི་སར་ལྷུང་བའི་ངོ་ཤེས་ཤིག་ཡོད།
ཁ་སང་ཁོ་ལའང་སྐུ་ངོ་ཞེས་པའི་ཐ་སྙད་ཅིག་སྦྱར་འདུག
དེ་རིང་ཁོའི་སྐད་གདངས་ཇེ་སྦོམ་ལ་སོང་འདུག
སྐུ་ངོ། སྐྱུག་བྲོ་བའི་ཐ་སྙད།