Back To Top

བཀའ་ཡར་ཕུལ་ཡི་གེ་བརྩེགས་མ།

བཀླགས་གྲངས། 1034

༼ མཆོད་ཡོན་གྱི་འབྲེལ་བ་འོས་ཤོག་གི་སྟེང་དུ་བབས་ན་མི་ཆོག༽ 

 

                                               གསལ་ལེ་རྒྱལ།  

 

བཀའ་ཡར་ཕུལ་ཡི་གེ་བརྩེགས་མ།  

                             

༼ མཆོད་ཡོན་གྱི་འབྲེལ་བ་འོས་ཤོག་གི་སྟེང་དུ་བབས་ན་མི་ཆོག༽ 

 

                                               གསལ་ལེ་རྒྱལ།  

 

    རབ་ཏུ་བྱུང་བའི་མི། འཇིག་རྟེན་པའི་བྱ་བ་བློས་བཏང་བའི་བྱ་བཏང་བ། ལུས་ངག་དུལ་བ། བཙུན་པ། བླང་དོར་ཤེས་པ། མཁས་པ། གཞན་དོན་བྱེད་པ། བཟང་བོ། དམ་པ། དགེ་བཤེས། མཁན་པོ། སློབ་དཔོན། དོན་དམ་པའི་སྐྱབས་གནས་ཚང་མ་ལ་སྐྱབས་སུ་མཆིའོ།  

     བཀའ་མར་འབབ་ཀྱི་གསོལ་བ་སྙིང་ལ་བཏབ་ཀྱང་བསོད་ནམས་ཀྱི་བགོ་སྐལ་དུ་མ་བབས་པས། བཀའ་ཡར་འབུལ་གྱི་ཡི་གེ་མ་བརྩེགས་མཐུ་མེད་དུ་གྱུར་སོང་།  

     དེའང་མིང་ལ་ཆོས་བརྒྱུད་སྤྱི་འཐུས་ཟེར་ཡང་། དོན་དུ་ཆོས་བརྒྱུད་གང་དེའི་གྲྭ་བ་ཁོ་ནས་བདམས་པའི་གྲྭ་བའི་འཐུས་མི་རེད། ཆོས་བརྒྱུད་སྤྱི་འཐུས་ཡིན་ན་ཆོས་བརྒྱུད་སོ་སོའི་སྐྱ་སེར་གཉིས་ཀས་འདེམས་དགོས། 

       གལ་ཏེ་ཆོས་བརྒྱུད་སྤྱི་འཐུས་མིང་དོན་མཚུངས་པ་ཞིག་བྱེད་འདོད་ན་སྐྱ་སེར་གཉིས་ཀས་བདམས་ཏེ་དོན་གྱི་ཆོས་བརྒྱུད་སྤྱི་འཐུས་སུ་བསྒྱུར་དགོས་ཏེ། ཆོས་བརྒྱུད་ཚང་མ་སྐྱ་སེར་གཉིས་ཀས་གྲུབ་ཡོད། ད་ལྟའི་འགྲོ་སྟབས་བཞིན་གྲྭ་བ་ཁོ་ནས་འདེམས་གི་ཡིན་ན་ཆོས་བརྒྱུད་སྤྱི་འཐུས་ཞེས་པའི་མིང་དེ་གྲྭ་བའི་སྤྱི་འཐུས་སམ་བྱ་བཏང་བའི་སྤྱི་འཐུས་སུ་བསྒྱུར་དགོས། མིང་ལ་ཆོས་བརྒྱུད་སྤྱི་འཐུས་དང་དོན་དུ་གྲྭ་བའི་སྤྱི་འཐུས་བྱས་ན་གནས་ལུགས་དང་མི་མཐུན། རབ་བྱུང་བའམ་བྱ་བཏང་བ་ཚོས་སྐྱ་བོ་རྣམས་དགོས་དུས་ཡོན་བདག་དང་མི་དགོས་དུས་ཁོ་ཚོའི་འདེམས་ཀའང་འཕྲོག་ན་ག་ལ་འགྲིག མཆོད་ཡོན་གྱི་འབྲེལ་བ་དེ་འདེམས་ཤོག་གི་སྟེང་ལ་བབས་ན་མི་འགྲིགདེ་ནི་བྱ་བཏང་བས་ག་ལ་རུང་སྟེ། འཇིག་རྟེན་པས་ཀྱང་འདི་འདྲའི་ལས་མི་བྱའོ།  

     སྟོན་པའི་ན་བཟའ་མནབ་པའི་རབ་བྱུང་བ་ཞིག་ཡིན་ཚེ། ཁྱིམ་པ་ཕོ་མོ་ལས་ལྷག་ཙམ་ཡིན་དགོས་ཀྱང་། གྲོས་ཚོགས་ར་བའི་ནང་གི་བླ་རྒན་ཚོར་ལྟ་ས་དང་ཉན་ས་ཅི་གང་མི་འདུགགདན་ས་ཁག་གི་གྲྭ་སྙིགས་ཚོར་དགེ་བཤེས་དང་མཁན་པོ། སློབ་དཔོན་སོགས་ཀྱི་ཐ་སྙད་སྦྱར་ཏེ་གྲོགས་ཚོགས་སུ་བརྫངས་པ་འདི་ནི་བསྟན་བདག་བླ་ཆེན་རྣམས་གཙོས་སེར་མོ་བ་ཚོས་བསྟན་སྲིད་ཀྱི་ཐུགས་འགན་མ་བཞེས་པར་ངོས་འཛིན་མི་བྱེད་ཐབས་མེད་ཆགས།  

     གལ་ཏེ་གྲྭ་བའི་སྤྱི་འཐུས་ཡིན་ན་ནི་གྲྭ་བ་ཁོ་ནས་འདེམས་ན་དེ་ནི་གནས་ལུགས་ཡིན་ཡང་། ཆོས་བརྒྱུད་ནི་སྐྱ་སེར་གཉིས་ཀས་གྲུབ་ཡོད་པས་ན། སྐྱ་སེར་གཉིས་ཀའི་འཐུས་མི་གྲྭ་བ་ཁོ་ནས་འདེམས་སྟངས་ཤིག་ཡོད་པ་མ་རེད།  འདི་ནི་གནས་ལུགས་རེད། གནས་ལུགས་མི་རྩི་བའི་གྲྭ་བ་ཞིག་གིས་འཇིག་རྟེན་པའི་ཚབ་བྱེད་མི་ཐུབ་པ་མ་ཟད་དེ་ལ་འཇིག་རྟེན་པས་ཀྱང་བརྩི་མཐོང་བྱེད་གི་མ་རེད།  

     མ་གཞི་ནས་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་འདི་རྙོག་འཛིང་ཅན་ཞིག་རེད། རྒྱལ་བ་ཇོ་ནང་བས་ཀྱང་སྤྱི་འཐུས་དགོས་ཞེས་ས་རྒྱག་རྡོ་རྒྱག་བྱེད་བཞིན་འདུག་མོད། ཆོས་བརྒྱུད་སྤྱི་འཐུས་ཀྱི་མིང་འཛིན་མཁན་ཚོས་དེ་ལའང་ངོས་ལེན་བྱེད་ཀྱིན་མི་འདུག ཆོས་ལུགས་པས་ཆོས་ལུགས་པར་བརྩི་བཀུར་མི་བྱེད་པ་ནི་དེ་བས་ཀྱང་ཡ་མཚར་བ་ཞིག་རེད། བདག་འཛིན་ལ་རྒོལ་བའི་ལས་སུ་ཞུགས་པའི་བྱ་བཏང་བ་ཞིག་ལ ༼ང་ལ་ཐོབ་ཐང་དང་འདྲ་མཉམ་དགོས། ཁྱོད་ལ་དེ་དགོས་གི་མ་རེད༽ཅེས་བཤད་སྟངས་ཤིག་ཡོད་པ་མ་རེད། “ ལྭ་རས་རྐྱང་ཡིན་པ་འདྲ་འདྲ་རེད། འཁྭག་དུས་འཁྱག་གི་མ་ཟེར། དེ་དུས་ཚང་མ་འཁྱག་ཡོད། ཟས་རྩམ་སྐྱ་ཡིན་པ་འདྲ་འདྲ་རེད། ལྟོགས་དུས་ལྟོགས་གི་མ་ཟེར། དེ་དུས་ཚང་མ་ལྟོགས་ཡོད”ཅེས་པའི་གནས་ལུགས་འདི་ཤེས་དགོས། ང་ལོ་རྒན་པ་ཡིན་པས་མོག་མོག་གི་ནང་སྙིང་ཟ། ཁྱོད་ལོ་ཆུང་ཆུང་ཡིན་པས་མོག་མོག་གི་པགས་པ་ཟོ” ཞེས་པའི་བཤད་རྒྱུན་འདིའང་བླ་རྒན་ཞིག་གིས་རང་གི་དགེ་ཕྲུག་ལ་བཤད་པ་རེད་ཟེར། བྱ་བཏང་བར་ཁས་འཆེ་བའི་བླ་རྒན་འདི་ཚོར་ང་ང་ང་མ་གཏོགས་མི་འདུག་པས། ང་ང་ང་ཡིས་སྤྱིའི་ཚབ་མཚོན་ནམ་ཡང་བྱེད་ཐུབ་གི་མ་རེད།  

    རྙོག་དྲ་འདི་དག་མེད་པར་བྱེད་པའི་ཆེད་དུ། རབ་ཡིན་ན་གྲྭ་བའི་འཐུས་མི་ཚང་མ་མེད་པར་གཏོང་དགོས། དེ་མ་བྱུང་ནའང་ཆོས་བརྒྱུད་སྤྱི་འཐུས་ཞེས་པའི་མིང་དེ་གྲྭ་བའི་སྤྱི་འཐུས་སམ་རབ་བྱུང་བའི་འཐུས་མི་རུ་བསྒྱུར་ཏེ་མིང་དོན་མཚུངས་པ་ཞིག་ངེས་པར་དུ་བྱེད་དགོས།  

   འོས་ཤོག་འཕེན་མཁན་ཚོར་ཤེས་ཡོན་གྱི་ཆུ་ཚད་ངེས་ཅན་ཞིག་མེད་ན་དམངས་གཙོའི་འགྲོ་སྟངས་ནི་སྤྱི་ཚོགས་དཀྲུག་བྱེད་ཅིག་ཡིན་ཞེས་པ་ལྟར། སེར་མོ་བའི་ཆོས་ཕྱོགས་ཀྱི་མཁྱེན་རྒྱ་ཧ་ཅང་མཐོ་ནའང་། སྲིད་ཕྱོགས་ཀྱི་ཆུ་ཚད་ཧ་ཅང་དམའ་དྲགས་པའི་དབང་གིས་ང་ཚོའི་སྤྱི་ཚོགས་འདི་མདུན་སྐྱོད་བྱེད་པར་བར་ཆད་སྣ་མང་བཟོ་བཞིན་འདུག།  

       གང་ལྟར། མི་སྐྱ་ལ་གྲྭ་བའི་འཐུས་མི་འདེམས་པའི་ཐོབ་ཐང་མེད་ན། གྲྭ་བ་ལ་མི་སྐྱའི་འཐུས་མིའམ་ཆོལ་འཐུས་འདེམས་པའི་ཐོབ་ཐང་ཡང་མེད། ཐོབ་ཐང་ནི་ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་ཡིན་དགོས། མཆོད་ཡོན་གྱི་འབྲེལ་བ་འོས་ཤོག་གི་སྟེང་དུ་བབས་ན་མི་ཆོག 

          ༢༠༢༤/༩/༢༠ ཉིན་ཧྥ་རིན་སིའི་རྒྱལ་ས་ཕ་རེ་སི་ནས།  

   

 

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།