བཀླགས་གྲངས། 1556
གསལ་ལེ་རྒྱལ།
སྒོ་ཁྱི་ངན་ལང་ལ་གཏོང་ནོ་དགའ་ལྡན་གསེར་ཁྲི་ཡིན།
གསལ་ལེ་རྒྱལ།
༡
ལམ་ལམ་ལམ། དབུ་དབུ་དབུ། མ་མ་མ། ཡིད་ཡིད་ཡིད་ཆེས་ཆེས་ཆེས་མེད་མེད་མེད། རེ་རེ་རེ་བ་བ་བ་མེད་མེད་མེད། ངོས་ངོས་ངོས་ལེན་ལེན་ལེན་མེད་མེད་མེད། གློ་བུར་ཏུ་སྒྲ་ཆེན་པོ་ཞིག་གྲགས་བྱུང་། ཚང་མས་བཤད་ན་དེ་ནི་དགའ་ལྡན་གསེར་ཁྲི་ཚང་གི་སྒོ་ཁྱི་ཟུག་པའི་སྒྲ་རེད་ཟེར། ལ་ལས་འབྲོ་ཟེར། ལ་ལས་འདུག་ཟེར། ཚང་མ་འུར་འུར་ཟིང་ཟིང་དུ་གྱུར།
༧གོང་ས་མཆོག་གི་ཐུགས་སྨོན་དང་ཁོང་རིན་པོ་ཆེ་ཡི་སྐུ་དྲིན་གསུང་དྲིན་ལ། ཆོས་བརྒྱུད་དག་གི་བླ་ཆེན་ཚོས་རང་རང་ས་ནས་བླ་བྲང་རེ་བརྩིགས་ཏེ་བླ་བྲང་གི་ཆེད་དུ་སྐུ་ལས་ཚད་མེད་མྱོང་གི་ཡོད་རབས་འདུག དེ་ནི་འཇིག་རྟེན་རྒད་པོ་ཚོས་རང་རང་གི་ཁྱིམ་ཚང་གི་ཆེད་དུ་ལས་ཀར་བརྩོན་པ་དང་གཅིག་མཚུངས་ཡིན་པས། དེའི་ཕྱོགས་ནས་ང་འཇིག་རྟེན་རྒད་པོར་བསམ་འཆར་ཨེ་ཡོད་ལ་ཟེར་གི་ཅི་ཡོད།
སྐད་ཆ་འདི་སུས་བཤད་འདིས་བཤད་མ་ཤེས་པར་མི་ཚང་མས་ཡར་ལྟ་མར་ལྟ་བྱས། བཤད་ཀྱིན་བཤད་ཀྱིན་ཨ་ཕ་གཅོད་པ་མི་མང་གི་དཀྱིལ་ནས་ཡར་ལ་ལངས་བྱུང་། “མ་འབྲོ། མ་འབྲོ། སྡོད། སྡོད” དེ་ནི་ཨ་ཕ་གཅོད་པའི་སྐད་རེད།
“ རྔ་མོང་མཐོ་ཡང་རིལ་མ་མི་མཐོ། དགའ་ལྡན་གསེར་ཁྲིའི་ཁྱི་ཡང་ཁྱི་རེད། ཁྱི་ཞིག་ལ་སྐྲག་དགོས་དོན་མེད ”།
ཨ་ཕ་གཅོད་པ་ནི་གྲྭ་ལོག་ཅིག་ཡིན་ཞིང་ཁོའི་དངོས་མིང་ལ་བློ་བཟང་ཟེར། ཆུང་དུས་སུ་ཁོས་ཆུ་མིག་བརྒྱ་རྩ་བརྒྱད་འགྲིམས་ཏེ་གཅོད་མང་བོ་བཏོན་མྱོང་པས་ཚང་མས་ཁོའི་མིང་ལ་ཨ་ཕ་གཅོད་པ་ཟེར། ཁོས་ཆོས་མི་ཤེས་ནའང་གྲྭ་བ་བྱས་མྱོང་བའི་དབང་གིས་ཆོས་ཚིག་མང་བོ་ཞིག་ད་དུང་ཁོའི་བློ་ན་ཡོད།
ད་ནི་ཁོའི་སྐད་ཆའི་མཇུག་རྫོགས་པ་མ་རེད། སྐད་ཆའི་མགོ་བརྩམས་པ་རེད། “རེད་དེ། ཆོས་བརྒྱུད་ཁག་གི་བླ་ཆེན་ཚོས་ཁྱི་རྒན་གཉིས་རེ་གཉིས་རེ་གསོ་འགི མཇལ་ཁ་བླ་མར་ཞུས་ཀྱང་། བྱིན་རླབས་ཁྱི་ཡིས་གནང་འགི ལས་བསོད་ནམས་ཤིག་གི་ཁྱད་པར་རེད། ཁྱི་ལས་ཆེན་བླ་མའི་མདུན་རེད། མྱི་ལས་ངན་ཁྱི་ཡི་འོག་རེད། ད་ཁྱོད་བླ་མའི་མྱི་བྱེད་གི་ཡིན་ནམ། ། བླ་མའི་ཁྱི་བྱེད་གི་ལབ་ན་གང་འདེམས་དགོས་མིན་ཡང་མི་ཤེས་པའི་ཚད་ལ་བསྐྱལ་དང་ཐལ། ཨ། ད་སྔོན་ཆད་གསུམ་གྱི་དྲང་ཐད་ནས་བཤད་ན་་་ ་་་”།
༢
དགའ་ལྡན་གསེར་ཁྲིས་ཁྱི་རྒན་གྱི་མགོ་ལ་བྱིལ་བྱིལ་བྱེད་བཞིན “ ད་ལྟའི་བར་དུ་ཧུར་ཐག་གནང་བྱུང་། མུ་མཐུད་དེ་ཤུགས་རྒྱོབས” ཞེས་ཁྱི་རྒན་ལ་ཐུགས་ཉེ་བོ་གནང་། དེ་བས་ལོ་གཅིག་གི་རྗེས་སུ་དགའ་ལྡན་གསེར་ཁྲི་ཚང་གི་སྒོ་ཁྱིའི་ཟུག་སྐད་ཇེ་མཐོར་སོང་། དྲང་མོར་བཤད་ན་སྒོ་ཁྱི་ངན་ལང་ལ་གཏོང་ནོ་དགའ་ལྡན་གསེར་ཁྲི་ཡིན། དུས་དེ་ནས་བཟུང་སྟག་དང་གཟིག སེང་གེ་སོགས་ཀྱི་སེམས་སུའང་ཁྱི་བྱེད་འདོད་གྱི་མདུན་པ་ཤུགས་ཆེན་སྐྱེས། ལྷག་པར་དུ་འུ་ཚང་གི་ཟ་དགའ་ཉལ་སྐྱིད་ཚོའི་མིག་ལམ་དུ་ཁྱི་ནི་ཆེས་ཡིད་དུ་འོང་བ་ཞིག་ཏུ་གྱུར། ཚང་མས་ཁྱིའི་ལད་མོ་བྱས། ཡིན་ནའང་། དགའ་ལྡན་གསེར་ཁྲིས་ད་དུང་མ་ཐོས་པའི་ཁུལ་གྱིས་ཅི་ཡང་མ་གསུངས། ལ་ལས་བཤད་ན་དགའ་ལྡན་གསེར་ཁྲི་ཁྱི་ལ་སྐྲག་པས་རེད་ཟེར། ཡང་ལ་ལས་བཤད་ན་དགའ་ལྡན་གསེར་ཁྲིས་ཁྱི་ལ་སྙིང་རྗེ་བསྒོམས་པས་རེད་ཟེར། གང་ལྟར་སྒོ་ཁྱི་ངན་ལང་ལ་གཏོང་ནོ་དགའ་ལྡན་གསེར་ཁྲི་ཡིན།
ཧུན། མུ་མཐུད་དེ་ཤུགས་རྒྱོབས་གསུངས་ན་ཅི་རེད། གང་གི་མུ་གང་ལ་མཐུད་དགོས་པ་རེད། ཧུན། ཨ་ཕ་གཅོད་པ་ངར་བྱུང་། ཧ་ཅང་ངར་བྱུང། ཁྱི་ངན་ལང་ལ་གཏོང་ནོ་དགའ་ལྡན་གསེར་ཁྲི་ཡིན། ཧུན།
ཡིན་ནའང་དགའ་ལྡན་གསེར་ཁྲིས་ད་དུང་མཁྱེན་མེད་པ་འདྲ།
འགྲེལ།
དགའ་ལྡན་གསེར་ཁྲིས “ ད་ལྟའི་བར་དུ་ཧུར་ཐག་གནང་བྱུང་། མུ་མཐུད་དེ་ཤུགས་རྒྱོབས་གསུངས་སོང”ཟེར་མཁན་དེ་དགེ་ལུགས་པའི་སྤྱི་འཐུས་གོ་བོ་བློ་བཟང་ཕན་བདེ་ཡིན།