བཀླགས་གྲངས། 1024
གསལ་ལེ་རྒྱལ།
རྔ་བཟའ་བདེ་པོར་བྲིས་པའི་འཕྲིན།
གསལ་ལེ་རྒྱལ།
ང་ལ་ཕ་མས་གནངས་པའི་འཛུམ་མདངས་ཤིག་ད་དུང་སེམས་ན་ཡོད།
འཛུམ་མདངས་དེ་ངས་ཁྱོད་ལ་སྟེར།
བདེ་པོ།
མི་ཚེ་ཡི་དགའ་རོགས་ཐོག་མ།
གཞིས་ཕྱིས་གཉིས་སུ་གྱེས་པའི་བརྩེ་དུང་གི་རྨ་ཤུལ།
རྨ་ཤུལ་དེར་གནས་པའི་འཛུམ་མདངས་ཤིག་ད་དུང་ངས་སེམས་ལ་ཉར་ཡོད།
འཛུམ་མདངས་དེའང་ངས་ཁྱོད་ལ་སྟེར། བདེ་པོ།
ཕ་ཡུལ་གྱི་གངས་རི་དང་སྤང་རི།
སྤང་ཐང་དང་མེ་ཏོག་བསམ་ཚེ།
ངའི་གདོང་ནས་མི་མངོན་པའི་འཛུམ་མདངས་ཤིག་སེམས་ན་ཡོད།
འཛུམས་མདངས་དེའང་ངས་ཁྱོད་ལ་སྟེར། བདེ་པོ།
ལོ་ནའི་བབ་ཀྱིས་བབས་པའི་ངོ་གདོང་གི་གཉེར་མ་དགུ་བརྩེགས།
ང་རང་མི་ཚེ་འདིར་འཛུམས་པའི་འབྲས་བུ།
དེའང་ཁྱོད་ལ་སྟེར། བདེ་པོ།
མིག་ཟུངས་ཟད་པའི་གཏིང་རིམ་ན་འཛུམ་མདངས་ཀྱི་ལྷག་མ་ཞིག་ད་དུང་རེ་བས་འགུལ་བཞིན་ཡོད།
དེའང་ངས་ཁྱོད་ལ་སྟེར། བདེ་པོ།
མྱི་རྒན་གྱི་འཛུམས་མདངས།
གཞོན་ནུ་མའི་བདེ་སྐྱིད་ཡིན་པར་སྨོན།བདེ་པོ།
ད་བདེ་མོ་བྱོས། བདེ་པོ།