གསལ་ལེ་རྒྱལ།
བཀླགས་གྲངས། 870
གསལ་ལེ་རྒྱལ་གྱི་བཀའ་སློབ།
1
ཨ་མ་དྲིན་ཆེན་ཡིན་པའི་གཏམ་རྒྱུད་མང་བོར།།
སེམས་པ་བཙན་གྱིས་གླན་པའི་མྱོང་བ་ཙམ་ལས།།
ས་སྟོང་རྩྭ་ཐང་འབྲོག་པའི་དྭ་ཕྲུག་ང་ལ།།
དྲང་མོར་བཤད་ན་རང་མྱོང་བྲོ་བ་མེད་པས།།
མ་གྱུར་འགྲོ་བ་འབོད་པའི་ཚིག་གྲུབ་འདི་ལ།།
ལོས་ཡིན་བསམ་པའི་འདུ་ཤེས་ཅི་ཡང་མེད་མོད།།
རྒན་དར་གཞོན་གསུམ་ཁ་ནས་ཡང་ཡང་ཐོས་པས།།
དེའང་ཡིན་ཡིན་འདྲ་བའི་བློ་ཞིག་སྐྱེས་མྱོང་།།
ཆུང་ཆུང་བྱིས་བློ་སྙི་མོའི་གོམ་ཁ་འཁྱོར་ཏེ།།
ཡར་འགྲོ་མར་འགྲོ་གཉིས་ཀའི་ས་མཚམས་ཤིག་ནས།།
ཡར་ལྟ་མར་ལྟ་བྱས་ནས་སྡོད་པའི་སྐབས་སུ།།
ལང་ཚོ་གསར་དུ་འབུས་པའི་ན་མཉམ་འགའ་ཡིས།།
མ་གྱུར་འགྲོ་བའི་དོན་དུ་སེམས་པ་སྐྱེད་ནས།།
ཆང་དང་ཆགས་སྤྱོད་སྤངས་པའི་དམ་བཅའ་བཞག་ནས།།
རང་བྱུང་འཁོར་བའི་གནས་ནས་འཁོར་བ་སྤངས་ཏེ།།
རབ་ཏུ་བྱུང་བའི་མཛད་པ་སྟོབས་ཀྱིས་མཛད་པས།།
ཐེ་ཚོམ་མཐུར་མེད་རྒོད་པོ་གཡོང་ལ་བབས་ནས།།
རང་སེམས་དད་པའི་རྟ་ཕོ་ལམ་ལ་ཆས་སོང་།།
དེ་ནས་བཟུང་སྟེ་དུས་ཡུན་རིང་བོའི་བར་ཏུ།།
མ་གྱུར་འགྲོ་བ་བསམ་པའི་བློ་སྤོབས་མེད་ཀྱང་།།
རབ་བྱུང་སེར་མོའི་ས་ལ་དད་ལོག་མ་བྱས།།
ན་ནིང་དགེ་བོ་འགའ་ལ་ནང་གཏམ་དྲིས་པས།།
རབ་བྱུང་སེར་མོར་སུན་འབྱིན་འཛེམ་མེད་བགྱིས་ཏེ།།
བརླ་ཡི་འཁྲི་ཤིང་བརྡར་བའི་ཕྲག་པ་དོག་མོས།།
སྲོག་གི་ཀ་བ་བཅག་པའི་གཏམ་རྒྱུད་ཐོས་ཀྱང་།།
ཨེ་བདེན་མི་བདེན་བསམ་ནས་མང་བོ་མ་བཤད།།
ཁ་སང་དེ་རིང་དྲ་ལམ་སྟོང་གི་གྲུ་ཁར།།
དེང་གི་རབ་བྱུང་སེར་མོས་སྲིད་སྟེགས་སྟེང་ནས།།
འཇིག་རྟེན་རྒད་པོ་སྨྱོས་པའི་བྱ་སྤྱོད་སྤེལ་ཏེ།།
ལྷ་རམས་དགེ་བཤེས་མཁན་པོ་སློབ་དཔོན་ལ་སོགས།།
ཐ་སྙད་སྐམ་པོའི་ནང་སྙིང་ཕྱི་ལ་བསྟན་པས།།
བསོད་ནམས་ཕན་བདེ་སྨོན་ལམ་ཁ་ཡི་མེ་ཏོག།།
སེམས་ཀྱི་ས་ནས་འབུས་པའི་ཡི་ག་ཆད་སོང་།།
མ་གྱུར་འགྲོ་བའི་སྐད་ཆ་ཕ་རིའི་སྤང་རེད།།
རྩ་བའི་བླ་མ་ལ་ཡང་མ་གཅར་ཙམ་རེད།།
མ་གྱུར་འགྲོ་བའི་གྲས་ནས་ང་རང་ལེན་རོགས།།
དགེ་བཤེས་མཁན་པོའི་མིང་ལ་ངས་ཀྱས་མི་བཀུར།།
བསོད་ནམས་སྙོམས་པའི་མིང་ལ་ཁ་ཡང་མ་གཡར།།
གཞན་མགོ་བསྐོར་བའི་བསྐོར་ཟས་ཡོན་དུ་མ་བསམ།།
བསྐོར་མིང་ཡོན་ལ་བརྗེས་པའི་ཚོང་བ་མི་བྱེད།།
ད་ནས་བཟུང་སྟེ་རང་ཁ་རང་གསོ་གནང་རོགས།།
2
སྐུ་འཕྲེང་སྔོན་མའི་སྟོད་འགག་དཔུང་བར་ངོམ་སྟེ།།
མཁས་པ་ཆེན་པོ་ཡིན་པའི་ཚུགས་ཀ་བསྟན་ནས།།
ཟ་སྟངས་འཐུང་སྟངས་ཙམ་ཞིག་བཤད་པའི་ཞོར་དུ།།
གན་བྱོས་འདི་མ་བྱེད་ཀྱི་བཀའ་བཀྱོན་གནང་ན།།
ཁྱིམ་པ་ཕོ་མོ་རྣམས་དང་གཅིག་པ་འདྲ་བས།།
ཨ་ལགས་ཡ་ལགས་ཟེར་བའི་ཡི་ག་མི་འདུག།
རྣམ་པ་ཚོར་ཡང་དད་པའི་འཁོར་འགག་བསྡམས་ཡོད།།
ཆོས་ཚུལ་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི།།
བཀའ་སློབ་ལམ་སྟོན་ལོང་བ་ལག་པས་ལམ་ཁྲིད།།
༧གོང་ས་མཆོག་ལྟར་གསུང་བའི་ཡོན་ཏན་མེད་ན།།
ཟོས་ནས་ཉལ་ཏེ་ཡོང་བའི་ཉམས་མྱོང་མི་དགོས།།
ཟ་སྟངས་ཉལ་སྟངས་ཕྱོགས་ལས་རྣམ་རྒྱལ་ང་ཡིན།།