གསལ་ལེ་རྒྱལ།
བཀླགས་གྲངས། 862
ལྷ་མོ་དབྱངས་ཅན་མར་བོད་སྐད་བཤད་ཡོད།
གསལ་ལེ་རྒྱལ།
ཧ་ཅང་དགའ་བའི་དུས་དང་སྡུག་པའི་དུས།།
ལྷག་ཏུ་དྲན་པའི་ལྷ་མོ་དབྱངས་ཅན་མ།།
བདག་ལ་དམིགས་སུ་བརྩེ་བའི་ཕྱི་ཐག་ཅན།།
སྡེབ་ལེགས་ཚིག་གི་ཡུམ་ལ་ཕྱག་འཚལ་ལོ།།
སྟེང་ཕྱོགས་ལྷ་མོ་ལྷ་ཡི་ལུས་རྟེན་ལ།།
ཤར་ཕྱོགས་མགོ་ནག་མི་ཡི་རྩེ་དགའ་ཅན།།
ལྷ་དང་མི་ཡི་མཛེས་བྱད་ཡོངས་རྫོགས་མ།།
མ་སྐྱེས་ཨ་མ་དབྱངས་ཀྱི་རྒྱལ་མོར་འདུད།།
དངོས་མཐོང་དགའ་བདེ་རྒྱུད་ལ་མ་སྐྱེས་པས།།
ཡིན་སྙམ་གཏམ་ཚོགས་རྟོག་པས་བསྒྲིགས་པ་དག།
མཇལ་བའི་སྐྱོ་སྣང་ཐུགས་ལ་མ་འཁྲུངས་པར།།
བདེ་མོ་སྐྱིད་པོ་ཡིན་ནམ་དབྱངས་ཅན་མ།།
མཁའ་ཡི་མཛེས་བྱེད་ས་ཡི་མེ་ཏོག་སོགས།།
སྙན་ངག་མཁན་པོའི་ཁ་ལ་མཛེས་པའི་ཚིག།
བདག་གི་ལྷ་མོའི་དཔེ་རུ་དྲངས་པ་དག།
མཐོང་བས་ངུ་མ་དགོད་ཀྱིས་ངས་འདི་བྲིས།།
ཁོ་བོ་འོ་མའི་མཚོ་ལས་མ་སྐྱེས་པར།།
མགོ་སྐྱེས་འོ་མའི་མདངས་ལ་རྗེས་ཆགས་ཀྱང་།།
ད་དུང་ཉི་ཤུའི་སྣང་བ་རྒྱུན་ཆགས་པའི།།
འོ་མའི་མཚོ་ལས་འཁྲུངས་པའི་དབྱངས་ཅན་མ།།
གེ་སར་རྒྱལ་བོ་བྱོན་མྱོང་མེད་པའི་གཏམ།།
སེང་ལྕམ་འབྲུག་མོས་ཐོས་ཏེ་བགད་པ་བཞིན།།
དབྱངས་ཅན་ལྷ་མོའི་བརྩེ་བ་མ་རེག་པས།།
ཡོད་མེད་རྩོད་པའི་གཏམ་གྱིས་གད་མོ་བསླངས།།
རྒྱལ་བ་བློ་བཟང་གྲགས་པས་རྒྱང་རིང་ནས།།
མཇལ་ཏེ་བརྩེ་བའི་ལྷ་མོ་ཚུར་བྱོན་ཞེས།།
ཤུགས་ཀྱིས་འབོད་པ་བདག་གིས་དངོས་སུ་ཐོས།།
ཡོད་མེད་བློ་ཡི་དོགས་པ་དེ་ཡིས་ཆོད།།
དགེ་ཆོས་སྨྱོན་པའི་གཏམ་ལ་དུང་བ་དེས།།
མཉམ་དུ་འགྲོགས་ཤིང་གཤིབ་པའི་ལོ་ཟླ་ཡིས།།
ཆང་དང་དུ་བའི་དྲི་མར་འདྲིས་གྱུར་བ།།
དབྱངས་ཅན་ལྷ་མོས་ང་ལ་དངོས་སུ་གསུངས།།
ཆང་དང་དུ་བས་ཟོས་པའི་དྲི་མ་ཡིས།།
བདག་ཏུ་བཞེས་པའི་བདག་གི་ཁ་རླངས་ཀྱང་།།
ལྷོ་ཕྱོགས་མ་ལ་ཡ་ཡི་དྲི་བཞོན་ལྟར།།
ཉེར་བཅར་ཉིན་བཞིན་རྔུབ་པའི་དབྱངས་ཅན་མ།།
རི་བོ་དབིགས་བྱེད་གྱེན་དུ་བསླངས་བའི་རྩེར།།
ཀུ་རེ་གཏམ་གྱིས་མཉམ་དུ་བགད་པའི་ཉམས།།
ཁ་སང་ཕྱི་དྲོར་ཁ་ཁར་གྱེས་པ་བཞིན།།
དེ་རིང་ད་དུང་སེམས་ན་མངོན་པར་གསལ།།
ཁ་བའི་རྡུལ་བརྩེགས་གངས་ཀྱི་རི་བོ་ནས།།
མཉམ་བཞེས་སེང་གེ་དཀར་མོའི་འོ་མའི་དྲོད།།
འབར་བའི་རྔུལ་ཆུ་ས་ལ་བབས་པའི་རྒྱུན།།
ཨེ་མ་ཡར་འབྲོག་གཡུ་ཡི་མཚོ་མོར་གྱུར།།
མ་ཧཱ་རིན་ཆེན་བརྒྱད་ཀྱི་རི་བོ་ནས།།
འབྲུ་སྣ་ལྔ་ལྡན་བདུད་རྩི་ཁ་རེས་ཀྱིས།།
གཅིག་གིས་བཞེས་ཤིང་གཅིག་གིས་འཐུང་བའི་འདང་།།
མཚོན་བྱེད་ཚིག་གིས་ང་ཡང་སྤྲང་བོར་བསྒྱུརད།
དངོས་བྱུང་དངོས་སུ་བྲིས་པའི་ཆ་ཤས་ཙམ།།
སྡེབ་ལེགས་ཚིག་གིས་རྫོགས་པར་བགྱིས་པ་འདི།།
སུ་ཡིས་བཀླགས་ན་དེ་ཡི་མིག་ལ་ཡང་།།
དགའ་བའི་ཉམས་ཙམ་སྟོན་རོགས་དབྱངས་ཅན་མ།།
ལྷ་དང་མི་ཡི་རྩེ་དགའི་རི་མོ་འདི།།
རིག་ལྡན་དགའ་བ་སྐྱེད་པའི་གཏམ་ཡིན་གྱི།།
ཅིག་ཤོས་བློ་ལ་འོས་པར་མ་མཐོང་པས།།
དེ་དག་རྩག་སྐྱ་ཉི་མའི་ཤིག་ལ་རོལ།།