Back To Top

བོའུ་རྩོམ་ཡིག་བརྒྱ་མ། ཚིག་མདའ་དགུ་བརྒྱ་མ།

གསལ་ལེ་རྒྱལ།

བཀླགས་གྲངས། 1022

         བོའུ་རྩོམ་ཡིག་བརྒྱ་མ། 

         ཚིག་མདའ་དགུ་བརྒྱ་མ།

 

               གསལ་ལེ་རྒྱལ།   

 

    གྲོགས་པོས་བོའུ་ཞིག་ཉོས་ཡོད་ཟེར། ད་དུང་ཁོས་བོའུ་འདི་མེས་པོའི་རྗེས་དྲན་ཡིན། ཇི་འདྲ་འདུག་ཟེར། བཤད་སྟངས་ལ་བལྟས་ན་ཆང་གིས་ཅུང་ཙམ་བཟི་ཡོད་པ་འདྲ། གང་ལྟར་སྐད་ཆ་འདིས་དྲངས་ཏེ་ངས་རང་གི་ཨ་ཁུ་དཔའ་འབུམ་ཇག་ལ་སོང་བའི་གཏམ་རྒྱུད་ལ་ཕྱིར་དྲན་ཡང་ཡང་བྱས་པས་ང་ལའང་བོའུ་ཞིག་ཉོ་འདོད་ཀྱི་བསམ་བློ་འཁོར། ངས་བསམ་བློ་ཡང་ཡང་བཏང་། 

བོའུ་སྐད་ལྷོ་འབྲུག་གྲགས་གྲགས།། 

ས་ལ་མེ་སྟག་ཡར་ཡར།། 

མདའ་ཕྲ་མོ་གླག་མོ་འཕུར་འཕུར།། 

དགྲ་ནག་པོ་རྦབ་རྡོ་རིལ་རིལ།

ཀེ། ཨ། གཉན་ཆེན། ཨ། གཉན་ཆེན། 

   དེ་ནི་ངའི་རྣ་ལམ་ན་ད་དུང་གྲག་གིན་པའི་ཨ་ཁུ་དཔའ་འབུམ་གྱི་སྐད་རེད།དེ་དང་མཉམ་དུ་གསལ་ལ་མི་གསལ་བའི་བོའུ་སྐད་ཅིག་ཀྱང་ཐོས་ཐུབ་པ་འདྲ་ལ། མིག་ལམ་དུ་ཤར་ཡོང་བ་ནི། རྨ་ཕར་རི་ཚུར་རི། མཚོ་གཡས་རི་གཡོན་རི།ཙག་སྤུངས་ཉག་ཁ། དེའུ་མགོ་སེར་ལྡང་། ཐང་སེར་ཁ་མདོ་སོགས་རེད། 

    ལས་ཀ་ལས་ནས་ཚར་སོང་བས་དུས་ཚོད་ཀྱིས་ང་ལ་འདང་རྒྱག་པའི་གོ་སྐབས་ཅུང་ཙམ་སྤྲད། མགོ་བོ་གནམ་ལ་མ་ཐུག་ཅིང་རྐང་བ་ས་ལ་མ་ཐུག་པར་ངས་འདང་རྒྱག་བཞིན་བོའུ་བཟུང་ནས་སོང་། སོང་གིན་སོང་གིན་ང་རང་རྒྱ་ནག་གི་གྲོང་ཁྱེར་ཁྲང་ཨན་དང་ཞི་ཨན་སོགས་ལ་བསླེབས། 

     ངས་མགོ་བཀྱགས་ནས་ཡར་ལྟ་མར་ལྟ་ཞིག་བྱས། ལམ་ཐག་ཅུང་ཙམ་རིང་ནའང་མེ་འཁོར་ཧ་ཅང་མགྱོགས་པས་ང་རང་ནང་དུ་བསླེབ་ལ་ཉེ། ངས་ད་དུང་བསམ་བློ་གཏོང་གིན་གཏོང་གིན་སོང་བས་ངའི་བསམ་བློས་ངའི་བསམ་བློའི་ཁ་ཕྱོགས་གཞན་ཞིག་ཏུ་བསྐོར། ངས་ཉམས་བཞག་ནས་ང་ལ་བལྟས་པ་ན་ང་རང་འདར་གྱིན་འདུག ཡིན་ནའང་། ངས་མུ་མཐུད་དུ་བསམ་བློ་བཏང་། 

     ཡ། བོའུ་ཞིག་ཉོས་པའི་དབང་དུ་བཏང་ཡང་། ང་རང་བོའུ་འཕེན་ས་ཞིག་ལ་སླེབས་ཚེ་ང་ལ་བོའུ་འཕེན་པའི་སྙིང་སྟོབས་མེད། དགྲ་ཡི་ཐོག་ལ་བོའུ་ཚད་ནས་དགྲ་མི་སྐྲག དགྲ་ཡིས་ཐོང་བཙུགས་ནས་སླེབས་ཚེ་བོའུ་ཁུར་ནས་འབྲོ་བ་ལས་ལག་སྟོང་ལ་བྲོས་ན་གཅིག་ནས་འབྲོ་བདེ་ཞིང་། གཉིས་ནས་མིའི་མཐོང་སྣང་ལའང་དེ་འདྲའི་ཞབས་འདྲེན་ཞིག་མ་རེད།  གལ་ཏེ་དགྲ་བཙན་པོ་ཞིག་གིས་ངའི་བོའུ་ངའི་ལག་ནས་འཕྲོག་ཏེ་ངའི་བོའུ་ཡིས་ང་ལ་བརྒྱབ་ཚེ་དེ་བས་ཀྱང་་་ ་་་། 

   ངས་འདི་ལྟར་བསམ་བློ་ཡུན་རིང་ལ་བཏང་མཐར་བོའུ་ཉོ་རྒྱུའི་བསམ་བློ་རང་ཆད་དུ་སོང་ཞིང་། ངའི་བསམ་བློས་ང་ཁྲིད་དེ་ནང་ལ་འབྱོར་ཞིང་རྒན་མོའི་མདུན་དུ་བསླེབས། ངའི་རྒན་མོས་མིག་ཤེལ་སྣ་རྩེ་ལ་དེད་དེངའི་ཕ་ཡུལ་གྱི་ཡ་ང་བའི་གཏམ་རྒྱུདཀློག་བཞིན་འདུག 

    སྔོན་ཆད་ཅིག་ལའང་ངས་རྒན་མོར་བོའུ་ཞིག་ཉོ་བཤད་བྱས་མྱོང་པས། དེ་རིང་རྒན་མོསངའི་ཕ་ཡུལ་གྱི་ཡ་ང་བའི་གཏམ་རྒྱུདདང་འབྲེལ་ནས་ང་ལ་བོའུ་ཡི་སྐོར་ནས་སྐད་ཆ་དྲིས་བྱུང་།      

    ངའི་རྒན་མོས་འཚིག་ཇ་ཁམ་གང་མིད་རྗེས། གསལ་ལེ། “ངའི་ཕ་ཡུལ་གྱི་ཡ་ང་བའི་གཏམ་རྒྱུདའདི་དངོས་གནས་ཡ་ང་བའི་གཏམ་རྒྱུད་གསོན་པོ་ཞིག་རེད། དེ་བས་ངས་གཏམ་རྒྱུད་འདི་ཀློག་གིན་ཀློག་གིན་ཁྱོད་ཀྱིས་བོའུ་ཞིག་ཉོ་རྒྱུ་ཡིན་ཞེས་པ་དེ་རྒྱུ་མཚན་ལྡན་པ་ཞིག་རེད་འདོད། བོའུ་དགའ་ཞིག་ཉོས་ན་སྒོར་ཅུ་ཙམ་རེད་དམ་ཟེར། 

    ང་རང་མྱི་རིག་པ་མྱུར་མོ་ཅན་ཞིག་ཡིན་པས། དྲི་བ་འདི་གློ་བུར་བ་ཞིག་ཡིན་ཡང་། གློ་བུར་བའི་དྲི་བ་དེར་ངས་ཀྱང་གློ་བུར་བའི་ལན་ཞིག་རྙེད་བྱུང་། 

   རེད་དེ། ངས༧གོང་ས་མཆོག་གི་མདུན་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་ཟིན་པས་ང་ལ་བོའུ་བེད་སྤྱོད་གཏོང་བའི་གོ་སྐབས་མི་འདུག་ཅེས་བཤད་རྗེས། གློ་བུར་བའི་དྲི་བ་ལྗི་མོ་འདིའི་མདུན་ནས་རང་གི་གནས་ལུགས་འདི་གནས་ལུགས་ཡ་མེད་ཅིག་ཏུ་མཐོང་ཞིང་ང་རང་རྒྱ་མ་བརྒྱས་ཇེ་ཡང་དུ་སོང་བ་ལྟ་བུའི་སྣང་བ་ཞིག་ཤར།

   ངའི་རྒན་མོའི་གདོང་ལ་འཛུམ་ཙམ་ལངས་ནས། གསལ་ལེ། ཁྱོད་རང་བྱང་ཆུབ་སེམས་དཔའ་ཞིག་ཡིན་པ་ངས་སྔ་མོ་ནས་ཤེས་ཡོད། ཧེ་ཧེ་ཟེར། 

    ང་རང་མྱི་དྲང་མོ་ཞིག་ཡིན་པའི་ཁར་རྒན་མོ་ནི་བཟང་ན་ངན་ན་རང་གི་མི་ཚེ་འདིའི་བཟའ་ཚང་ཡིན་པས་ངས་མོ་ལ་རྫུན་བཤད་ན་ག་ལ་འགྲིག 

2025-01-08 ཆབ་བྲག་ཕོ་ཉ།
2024-12-14 ཤེད་བུ།
བོའུ་རེད།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།