གསལ་ལེ་རྒྱལ།
བཀླགས་གྲངས། 960
བརྩེ་དུང་གི་ཞིབ་འཇུག་སྙན་ཐོ་དང་དེའི་རྒྱུ་ཆ།
གསལ་ལེ་རྒྱལ།
ང་རང་གྲྭ་བ་ལོག་རྗེས་ཚེ་རིང་མཚོ་མོ་དང་ངེད་གཉིས་ལ་ཐུན་མོང་གི་ཁྱིམ་གཞི་ཞིག་མེད་ནའང་ལན་རེ་ཡི་ལུས་འབྲེལ་དང་། འབྲལ་མི་ཐུབ་པའི་ཐུན་མོང་གི་འབྲེལ་བ་དེ་བརྩེ་བ་ཡིན་པར་བསམ། ཡུན་རིང་ལ་དེ་ལྟར་བསམ་ཞིང་། རྒྱུན་མི་ཆད་པའི་རྙོག་དྲ་ཆ་ངེ་ཆུང་ངེ་དེ་ཚོའང་བརྩེ་བའི་མགོ་ལ་བཙན་གྱིས་བཞག་ཅིང་། བརྩེ་བ་ལ་རང་གི་ཚོད་ཀྱིས་བརྩི་བཀུར་བྱེད་ཁུལ་བྱས།
ཁ་ཁར་འགྲོ་དགོས་པའི་རྙོག་དྲ་ཆེན་པོ་ཞིག་ངེད་གཉིས་ཀའི་སུ་ལའང་བཤད་རྒྱུ་མེད་མོད། རྙོག་དྲ་ཆུང་ཆུང་མང་བོས་གཅིག་འཕྲོར་གཅིག་གིས་མཐུད་དེ་ཡོང་། ཡུན་གྱིས་རྙོག་དྲ་ཆ་ངེ་ཆུང་ངེ་དེ་ཚོར་སུན་སྣང་ཇེ་ཆེ་དང་བརྩེ་དུང་གི་ཚོར་བ་ཇེ་ཆུང་དུ་གྱུར། ངེད་གཉིས་ཐུག་ཐེངས་རེར་སྒོར་མོ་བརྒྱ་ཙམ་གྱི་འགྲོ་སོང་ནི་རྒྱུན་ལྡན་ཡིན་ཞིང་། འགྲོ་སོང་དེ་དག་ཚང་མ་ངས་རང་འདོད་ཀྱིས་གཏོང་གིན་ཡོད།ལུས་འབྲེལ་མ་བྱས་པའི་སྔོན་དང་ལུས་འབྲེལ་བྱས་པའི་རྗེས་སུ་རྙོག་དྲ་ཆུང་ཆུང་རེ་གཏན་འཇགས་སུ་ཡོད་ལ། རྙོག་དྲ་དེ་དག་ཚང་མ་ཚེ་རིང་མཚོ་མོས་རང་འདོད་ཀྱིས་བཙལ་ནས་ཡོང་གིན་ཡོད། དེ་ནི་མོའི་གོམས་གཤིས་ཤིག་ཀྱང་ཡིན། རྙོག་དྲ་མེད་པའི་དུས་སྐབས་ནི་ལུས་འབྲེལ་བྱེད་བཞིན་པའི་སྐབས་ཐོག་དེ་ཁོ་ན་ཙམ་ཡིན། མེད་ན་མི་ཆོག་ཅིང་ཡོད་ན་མི་འགྲིག་པའི་འབྲེལ་བ་དེས་ང་ལ་བརྩེ་བ་དང་ཆགས་པས་ལྐོག་ཚོང་རྒྱག་བཞིན་པ་ལྟ་བུའི་ཚོར་སྣང་ཞིག་ཀྱང་བྱུང་། དེ་བས་དེང་སང་གི་བཤད་སྟངས་ལྟར་བྱས་ན། ངས༼བརྩེ་བ་ལ་ཞིབ་འཇུག་བྱས༽།
ལུས་འབྲེལ་བྱེད་ཐེངས་རེ་རེའི་རྗེས་སུ་རྙོག་དྲ་བཤད་རྒྱུའི་དུས་ཡུན་རིང་དུ་འགྲོ་བར་དོ་སྣང་བྱུང་། ཆགས་པ་ཅི་ཙམ་སྤྱད་ན་དེ་ཙམ་གྱིས་རྙོག་དྲ་ཆུང་དུ་འགྲོ་ཞིང་། རྙོག་དྲ་བཤད་ཐེངས་རེའི་བར་གྱི་དུས་ཡུན་ཡང་རིང་དུ་འགྲོ་བར་དོ་སྣང་བྱུང་། དེ་ནས་ངས་བརྩེ་བ་དང་ཆགས་པའི་བར་ན་ཅི་ཞིག་གི་གསང་བ་ཡོད་དམ་སྙམས། ངས་ཚོད་བལྟ་གཞན་ཞིག་བྱེད་འདོད་བྱུང་། ངས་ས་ཁི་མ་ལ་ཁ་པར་བརྒྱབ་ནས་ཚོང་གཏམ།
“ ཧེ་ལོ། ཐེངས་གཅིག་ལ་སྒོར་མོ་ག་ཚོད་ཡིན་ནམ”།
“སྒོར་མོ་བརྒྱ་ཡིན”།
“ རྙོག་དྲ་གཞན་ཡོད་དམ”།
“སྒོར་མོ་བརྒྱ་ཡིན། ཆགས་པ་སྤྱད་རྗེས་ང་བུད་འགྱོ། རྙོག་དྲ་ཅི་ཡང་མི་བཤད། རྗེས་སུ་ལུས་འབྲེལ་བྱེད་འདོད་ན་ཁྱོད་ཀྱིས་ང་ལ་ཁ་པར་རྒྱོབས་དང་ངོ་ཤེས་ཤིག་གི་ཚད་ནས་འཇོག་ཐུབ། ཡིན་ཡང་ངས་ཁྱོད་ལ་ཁ་པར་མི་རྒྱག “ ཟེར།
རྙོག་དྲ་ཅི་ཡང་མི་བཤད། འུན་འུན། སྐད་ཆ་འདི་བློར་འབབ་མོ་ཞིག་རེད། ཁྱོད་ཀྱིས་ང་ལ་ཁ་པར་རྒྱོབས། ངས་ཁྱོད་ལ་ཁ་པར་མི་རྒྱག དེ་སྐྱིད་གི། ངའི་གདོང་ལ་སྔ་ན་མེད་པའི་འཛུམ་ཞིག་ཤར་ཞིང་། ནམ་རྒྱུན་བཞིན་ཆང་ཁམ་གང་མིད།
མོ་བསླེབས་སོང་། ས་ཁི་མས་ངའི་ཉལ་སའི་གཡས་གཡོན་ལ་བཀྲམས་པའི་འབྲི་འཕྲོ་དང་ཀློག་འཕྲོ་དག་ལ་ལྟ་ཙམ་བྱས་ནས “ ངས་ཁྱོད་ཀྱི་དུས་ཚོད་འཕྲོ་བརྙག་ལ་མི་གཏོང་། ངས་ཁྱོད་ལ་སྒོར་མོ་བརྒྱའི་རིན་པ་སྤྲོད་དགོས་པ་དེ་ངའི་ལས་འགན་རེད། ངས་ཁྱོང་རང་སུན་པོ་མི་བཟོ ” ཟེར།
ངས་སྒོར་མོ་བརྒྱ་བྱིན་ནས་ལུས་འབྲེལ་ཐེངས་གཅིག་བྱས་རྗེས་མོས་འཛུམ་ཙམ་བསྟན་ཏེ”ད་བདེ་མོ་བྱོས། རྗེས་ལ་མཇལ་ཡོང་” ཞེས་ལག་པ་གཡུག་བཞིན་ཕྱིན་སོང་། དངོས་གནས་རྙོག་དྲ་ཅི་ཡང་མེད་པར་ཕྱིན་སོང་། ལུས་འབྲེལ་བྱས་རྗེས་མོས་ཆང་མ་འཐུང་མི་ཟེར་འགིཉོ་ཆ་རྒྱོབས་མི་ཟེར་གི མར་ལ་ཉོལ་མི་ཟེར་འགི ཡར་ལ་ལོངས་མི་ཟེར་འགི ད་དུང་བདེ་མོ་བྱོས་ཟེར་འགི འགྲོ་ཁར་མོས་རེ་བ་གཅིག་བཏོན་པ་ནི་ཞོགས་པའི་ཆུ་ཚོད་བཞི་བ་ནས་ཆུ་ཚོད་བཅུ་བའི་བར་ཏུ་ཁ་པར་མ་གཏོང་རོགས། དེ་ནི་ངའི་རྩོམ་འབྲིའི་ཆུ་ཚོད་ཡིན་པས་ཁ་པར་ཡོང་ན་ངའི་རྣམ་ཤེས་འཆོལ་འགྲོ་གི་འདུག་ཟེར།
ཆུ་ཚོད་མང་བོ་ཕྱིན་སོང་། ཁ་པར་མ་ཡོང་། དངོས་གནས་ས་ཁི་མས་རྙོག་དྲ་ཅི་ཡང་མ་བཤད།
ཇི་འདྲའི་ལྷིང་འཇགས་ཤིག ཆགས་པ་སྤྱད་པའི་རྗེས་ཀྱི་ལུས་སེམས་གཉིས་ཀ་ལྷོད་ལ་བབས་པའི་ལྷིང་འཇགས་དེ་ནི་སྒོར་མོ་བརྒྱ་ཙམ་གྱིས་ཉོ་ཐུབ་པ་ཞིག་དངོས་གནས་མ་རེད།
ངས་འབྲི་འཕྲོ་དག་ཕར་སློག་ཚུར་སློག་བྱེད་བཞིན་བསམ་བློ་བཏང་། ཆགས་པའི་མགོ་མནན་རྗེས་བརྩེ་བ་ཟེར་བའི་ཚོར་བ་དེ་རྙོག་དྲ་ཆུང་ཆུང་ཚོ་དང་མཉམ་དུ་སུན་སྣང་གིས་ཁྲིད་དེ་ཁ་ཐག་ཇེ་རིང་ལ་བུད་འགྲོ་བ་ཚོར་བྱུང་། འདོད་ཆགས་ཀྱིས་ཡང་ཡང་བརྒུལ་ན་བརྩེ་དུང་གིས་སྤྲེའུ་མ་འཁྲབ་རང་འཁྲབ་ཡིན་པ་འང་ཤེས་སོང་། བརྩེ་དུང་དང་འདོད་ཆགས་ཀྱིས་དྲ་གྲོགས་བསྒྲིགས་ཏེ་ཚང་མ་སུན་པོ་བཟོ་ཡི་མེད་དམ་སྙམས། དེ་མ་ཐག་ཏུ་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་དང་གོ་བོ་བློ་བཟང་ཕན་བདེ། འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་དང་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་སོགས་ངའི་སེམས་ལ་རང་ཤུགས་ཀྱིས་འཁོར། བརྩེ་བ། འདོད་ཆགས། ངའི་སེམས་སུ་མི་འདི་ཚོ་ལའང་ཁག་མི་འདུག་ཨང་དྲན། ཡིན་ནའང་མི་འདི་དག་དྲན་ན་ངའི་མགོ་ན་གི་འདུག་པས་ངས་བསམ་བློ་གཏོང་མཚམས་བཞག
ཚེ་རིང་མཚོ་མོས་ཁ་པར་བཏང་བྱུང་། འཕྲོ་རིམ་འཕྲོར་དྲི་བ་དགུ་བཏང་བྱུང་། ངེས་པར་དུ་ལན་འདེབས་དགོས་པའི་དྲི་བ་གཅིག་ལས་མི་འདུག “ ཁྱོད་ཀྱིས་ཆགས་པ་སྤྱོད་པའི་སྐབས་སུ་རྙོག་དྲ་རྐྱང་རྐྱང་བཤད་པ་དེ་ག་རེ་ཡིན་པས“ ཟེར།
ངས་ངག་འཇམ་པོས “ རྙོག་དྲ་མང་བོ་ཡོད་ཀྱང་། དེ་རིང་ཉིན་གུང་རྙོག་དྲ་དང་སུན་སྣང་ཡོད་ཚད་སྒོར་མོ་བརྒྱ་བྱས་ནས་བཙོང་ཟིན་པས། ད་ནི་རྙོག་དྲ་ཅི་ཡང་བཤད་རྒྱུ་ལྷག་མེད” ཅེས་བཤད།
མོས “ ཨ་ལེ། ཐུགས་རྗེ་ཆེ་འ “ ཟེར།
ཉི་མ་རེ་རེ་དཔེ་ཀློག་དང་རྩོམ་འབྲིའི་བར་ནས་ལྷིང་འཇགས་ཀྱིས་འཁྱོལ་བར་བྱས།
ས་རུབ་པ་དང་ཁྱིམ་ཚང་འདིར་ཅི་ཞིག་མི་ཚང་བ་ལྟ་བུའི་ཚོར་བ་རེ་ཡོང་ནའང་།
ནམ་ལངས་དུས་ཁྱིམ་ཚང་འདི་ལྷིང་འཇགས་ཤིག་གིས་བསུས་ནས་ཡོང་གིན་འདུག
ཁྱོད་ཀྱིས་ལྷིང་འཇགས་ཀྱི་ཁྲོད་ན་ཅི་ཡང་ཡོད་པར་བརློམ་ཆོག་ལ། ཅི་ཡང་མེད་པར་བརློམ་ཆོག
ལྷིང་འཇགས་ནི་རང་གིས་ཅི་འདོད་དུ་བེད་སྤྱོད་བྱེད་ཆོག
ང་ལ་ཡོད་པ་ནི་མེད་དུ་མི་རུང་བའི་ལྷིང་འཇགས་ཡིན་ལ།
ལྷིང་འཇགས་ཀྱི་ཁྲོད་ན་མེད་དུ་མི་རུང་བའི་རང་དབང་ཡང་ཡོད།
ངས་སྙན་ངག་བྲིས།
ཆགས་སེམས་ནི་སྒོར་མོ་བརྒྱས་ཐག་གཅོད་བྱེད་ཐུབ་ཅིང་རྙོག་དྲ་ཅི་ཡང་མེད་པའི་ལམ་འགྲོ་བ་ཕྱུག་པོ་ཞིག་ཡིན་ཞིང་། བརྩེ་བ་ནི་ནམ་ཡོང་ནམ་སོང་གི་དུས་ཚོད་མི་ཤེས་ལ། གར་སོང་འདིར་སོང་གི་རྐང་རྗེས་མི་གསལ་བའི་དབུལ་བོ་རྒྱགས་མེད་ཅིག་རེད།
ངས་རང་གི་ཚོར་བ་ཏག་ཡི་གེར་བརྒྱུས་ནས་འཕྲེང་བསྒྲིགས་ཤིང་དེའི་མིང་ལ་ཞིབ་འཇུག་ཅེས་བོས། ཞིབ་འཇུག་པས་ས་ཁི་མར་ཁ་པར་བཏང་།
“ཧ་ལོ། ཁྱོད་བདེ་མོ་ཡིན་ནམ”།
“ ང་བདེ་མོ་ཡིན། ངས་དེབ་ཞིག་བྲིས་ནས་ཚར་ལ་ཡོད། ཡིན་ཡང་ཉིན་གཉིས་ལ་ཟ་མ་ཟོས་མེད། ང་ལྟོགས་འགི སྒོར་མོ་བརྒྱས་ཉིན་བདུན་ལ་མ་གཏོགས་འདང་མ་སོང་། ངས་ཁྱོད་ཀྱི་ཁ་པར་ཡོང་བའི་རེ་བ་བྱས་ཀྱང་། ངས་ཁྱོད་ལ་ཁ་པར་གཏོང་མ་ཕོད “ ཟེར།
ཚེ་རིང་མཚོ་མོས་ཁ་པར་བཏང་བྱུང་། ཚེ་རིང་མཚོ་མོའི་རྒྱུན་མི་ཆད་པའི་ཁ་པར་དེ་ནི་ངའི་ཁ་བརྡའི་བར་ཆད་རྒྱུན་ལྡན་དེ་ཡིན།
“ ངས་ཚང་མ་ཤེས་ཡོད་གདའ། ངས་ཤེས་ཡོད “ ཟེར།
ངས་ཉན་ནས་བསྡད། ཚེ་རིང་མཚོ་མོས་དངོས་གནས་ཚང་མ་མཁྱེན་འདུག་མོད། ངས་རྟ་ཚོང་སྟབས་བདེ་ཞིག་བརྒྱབ་པ་དེ་གཅིག་པུ་མོས་ད་དུང་མཁྱེན་མི་འདུག
བདུན་ཕྲག་གཅིག་འདི་ལྟར་ལྷིང་འཇགས་ཀྱི་ཁྲོད་ནས་ཕྱིན་སོང་། ད་ཡང་ཁོག་སྟོད་ཀྱི་ལྷིང་འཇགས་ཁོག་སྨད་ཀྱིས་དཀྲོགས་ཏེ་སྐབས་རེར་ཚེ་རིང་མཚོ་མོ་ཡིད་ལ་འཁོར་ཞིང་སྐབས་རེར་ས་ཁི་མ་ཡིད་ལ་འཁོར། ངས་དེ་ནི་བརྩེ་བ་དང་ཆགས་པ་གང་ཡིན་གཏིང་ཐག་མ་ཆོད། གལ་ཏེ་ཆགས་པ་ཡིན་ན་མི་སྡུག་པ་སྒོམ་ན་ཕན་པའི་གོ་ཐོས་ཙམ་ཡོད་པས། ངའི་སེམས་སུ་མི་སྡུག་པ་བསྒོམས་ནས་ཚོད་བལྟ་ཞིག་བྱེད་དགོས་བསམ།
ངས་གྲོགས་པོ་ཚུམ་ཁྲིམས་བཟོད་པ་ལ་ཁ་པར་བཏང་། ཚུལ་ཁྲིམས་བཟོད་པ་ནི་གྲྭ་ལོག་ཅིག་ཡིན་ཡང་དཔེ་ཆ་བ་ཡ་མེད་ཅིག་ཡིན།ཁོས་གདན་ས་ནས་དགེ་བཤེས་ལྷ་རམས་པ་ཚོར་ཚ་དང་འཁོར་གསུམ་བསྐོར་བའི་ལོ་རྒྱུས་ནི་བཤད་ནས་ཚར་ཐབས་མེད་པ་ཞིག་རེད།
“ ཨ་རོགས། གསར་བུ། བདེ་མོ་ཡིན་ནམ། ཧ་ཧ་ཧ། ང་གསལ་ལེ་ཡིན། ངས་མི་སྡུག་པ་སྒོམ་ན་འདོད་པས། ཁྱོད་ཀྱིས་ང་ལ་མི་སྡུག་པ་སྒོམ་སྟངས་སྟབས་བདེ་ཞིག་བཤད་རོགས”།
“ ཨ་རོགས། གསལ་ལེ། དམྱལ་བ་བོ། དེ་བྱེད་ཉན་འགི་མ་རེད། མི་སྡུག་པ་སྒོམ་ན་ཇེ་ཐུ་རུ་བུད་འགྱོ་འགི། བཀའ་བསྟན་འགྱུར། དེ་ངས་ཤེས་འགི་རེད། ཇོ་བོ་རིན་པོ། མི་སྡུག་པ་སྒོམ་སྐབས་དང་ཐོག་མཛེས་མ་ཚོའི་གདོང་གི་མཛེས་ཉམས་མི་རྟག་པ་དང་། ཤ་ཁྲག་སོགས་གཅིན་སྐྱག་ཏུ་བསྒྱུར་ནས་བསྒོམས་ན་ཅུང་ཙམ་ཕན་ཡང་། སྒོམ་གྱིན་སྒོམ་གྱིན་སེམས་ལ་གཉའ་མ༼མོ་མཚན༽མ་གཏོགས་ཤར་རྒྱུ་ཅི་གང་མེད། མི་སྡུག་པ་སྒོམ་ཉན་ན་བཀའ་འགྱུར། དེ་ད་ངས་ཤེས་ནི་རེད། མི་སྡུག་པ་སྒོམ་པ་ལས་མ་སྒོམ་ན་ཧྲ “ ཟེར།
དེ་ན་རེ་བ་ཅང་མི་འདུག ངས་ས་ཁི་མ་ལ་ཡང་བསྐྱར་ཁ་པར་བཏང་། ལུས་འབྲེལ་བྱེད་བཞིན་པའི་སྐབས་ཐོག་དེ་དང་ཐིག་ལེ་འབབ་བཞིན་པའི་སྐད་ཅིག་མ་དེའི་སྐབས་སུ་ངའི་སེམས་ལ་ཅི་ཞིག་དྲན་བཞིན་པར་རང་གིས་དོ་སྣང་ནན་མོ་བྱེད་དགོས་བསམ།
མོ་ཉལ་ཁྲིའི་སྟེང་ནས་གན་རྐྱལ་དུ་ཉལ་ཞིང་ངས་སྦལ་བ་མཆོང་རྒྱག་གི་ལྟ་གོན་བྱས། དང་ཐོག་ངའི་མིག་ལམ་ལ་ས་ཁི་མ་ཤར།འདེགས་རྡེབ་ཇེ་མྱུར་ཏུ་བཏང་བ་དང་མཉམ་དུ་ས་ཁི་མའི་ཁ་ནས་ཧུན་སྒྲ་སྒྲོག་པ་དེས་ངའི་སེམས་སུ་ཚེ་རིང་མཚོ་མོ་དྲན། ཐིག་ལེ་འབབ་གྲབས་ཡོད་པའི་སྐབས་ཐོག་དེར་ས་ཁི་མའི་ངག་ནས་སྒྲ་ཧ་ཅང་སྙན་མོ་ཞིག་གྲགས་པ་དེས་ངའི་སེམས་སུ་དབྱངས་ཅན་མ་དྲན།ངས་རྣམ་ཤེས་གཏད་དེ་དོ་སྣང་བྱས། དེ་ནས་ཐིག་ལེ་འབབ་བཞིན་པའི་སྐབས་ཐོག་དེར་ས་ཁི་མས་ཅི་བཤད་འདི་བཤད་མེད་པར་ཧ་ཧོ།ཧ་ཡེ། ཧོ་ཡེ་ཞེས་གོ་རྒྱུ་ཅི་ཡང་མེད་པའི་སྐད་ཅོར་བརྒྱབ་པས་ངའི་སེམས་སུ་བོང་རྫི་དྲན། རྨ་དུག་དྲན། རྒྱ་མཚོ་ཏ་ཞོ་དྲན། པ་ལེ་པ་པ་དྲན།
དེ་ནས་ངའི་བརྩེ་དུང་གི་ཞིབ་འཇུག་སྙན་ཐོ་འདི་ཁྱི་སྐྱག་གི་ལོག་ཐལ།
