Back To Top

གཞེན་སྐུལ་ཚིག་གསུམ།

བཀླགས་གྲངས། 1522

བཀུར་འོས་བོད་མི་མང་སྤྱི་འཐུས་རྣམ་པ་དང་རྒྱ་ཆེའི་མི་མང་ཡོངས་ལ་ཕུལ་བ།

བཅའ་ཁྲིམས་དང་འབྲེལ་བའི་སྙན་ཞུ།

——བཀུར་འོས་བོད་མི་མང་སྤྱི་འཐུས་རྣམ་པ་དང་རྒྱ་ཆའི་མི་མང་ཡོངས་ལ་ཕུལ་བ།

བོད་མི་མང་སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས།

གཅིག ཡིག་ཆ་ཨང་༣༩ ཞེས་པ་དེ་ནུས་མེད་དུ་གྱུར་བར་གྲོས་ཆོད་ཅིག་འཇོག་འོས།

དེ་སྔའི་གྲོས་ཚོགས་ཀྱི་གྲོས་ཆོད་ཡིག་ཆ་ཨང་༣༩ ཞེས་པ་དེ་ཁྲིམས་འགལ་ནུས་མེད་ཆགས་ཚར་ན་ཡང་གྲོས་ཚོགས་ནང་སྤྱི་འཐུས་ཁ་ཤས་ཤིག་གིས་ད་དུང་ཡིག་ཆ་དེར་ཤི་འཐམ་རོ་འཐམ་བྱས་དང་བྱེད་བཞིན་འདུག་པར་མ་ཟད། དེས་བཅའ་ཁྲིམས་བསྐྱར་བཅོས་སོགས་ལ་འགལ་རྐྱེན་བཟོ་བཞིན་འདུག་པས། སྐབས་རྗེས་མའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སུ། ཡིག་ཆ་ཨང་༣༩ པ་དེ་ཁྲིམས་འགལ་རང་བཞིན་ཅན་དང་ནུས་མེད་དུ་སོང་ཟིན་པར་གྲོས་ཆོད་ཅིག་འཇོག་ཐུབ་ན་ལེགས་པར་མཐོང་།

དེ་ཡང་། ཁྲིམས་འགལ་ཡིན་ཏེ། བཅའ་ཁྲིམས་ཀྱི་དོན་ཚན་ང་བཞི་པ། “གྲོས་བསྡུར་བཀག་སྡོམ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་གང་རུང་འཕོ་འགྱུར་བྱ་རྒྱུའི་སྐོར་དང༌། སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་ཐོག་སྤྱི་འཐུས་ལྷན་ཚོགས་སུ་སྙན་ཐོ་འབྱོར་བའི་སྐབས་སུ་མ་གཏོགས་དེ་མིན་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང༌། གྲོས་བསྡུར་བྱེད་མི་ཆོག” ཅེས་པ་དང་རྩ་འགལ་བྱས་ཏེ། དབང་ཚད་ཚད་བརྒལ་གྱིས་ཐག་བཅད་པའི་ཕྱིར།

ནུས་མེད་ཀྱང་ཡིན་ཏེ། བཅའ་ཁྲིམས་ཀྱི་དོན་ཚན་ལྔ་པ། “བཅའ་ཁྲིམས་ཀྱི་ཚད་འཛིན། ༡ ཁྲིམས་ལུགས་དང༌། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་ཡང་བཅའ་ཁྲིམས་འདིའི་དོན་ཚན་གང་རུང་དང་འགལ་ཚེ་འགལ་བའི་ཆ་དེ་རྩ་འཛིན་མེད་པ་བྱ་རྒྱུ། ༢ གོང་གསལ་རྣམས་ཀྱི་དོན་གནད་བཅའ་ཁྲིམས་འདིའི་དོན་ཚན་ཁག་དང་འགལ་མིན་རྩོད་གླེང་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱ་རྒྱུ།” ཞེས་པའི་ཁྲིམས་ལུགས་དང་འབྲེལ་བའི་གྲོས་ཆོད་འགལ་ཚབས་ཅན་ཡིན་པས་འགལ་བའི་ཆ་དེ་རྩ་འཛིན་མེད་པར་བྱ་དགོས་པ་དང་གཅིག

༢༠༢༡ཟླ་༥་ཚེས་༢༤ ཉིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མཚན་ཐོག་ནས། “་་་གྲོས་ཆོད་ཡིག་ཆ་ཨང་༣༩ པའི་དགོངས་དོན་མཇུག་སྐྱོང་བྱ་ཐབས་གང་ཡང་མི་འདུག” ཅེས་ཡིག་ཆ་ཨང་༣༩་པ་དེ་མཇུག་སྐྱོང་མ་ནུས་པའི་མཐའ་མའི་གསལ་བསྒྲགས་བསྐྱངས་པ་དེས་ཀྱང་དེ་ནས་བཟུང་ནུས་མེད་དུ་གྱུར་པ་བསྟན་འདུག་པ་དང་གཉིས།

དེ་རྗེས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གི་དྲུང་དུ་ལས་ཁུར་དམ་བཅའ་ཕུལ་བའི་བར་བརྒལ་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་གི་དྲུང་དུ་སྐབས་ ༡༧ པའི་བདམས་ཐོན་སྤྱི་འཐུས་རྣམས་ཀྱིས་ཀྱང་ལས་ཁུར་དམ་འབུལ་ཞུས་གནང་བ་དེས་ཀྱང་ཡིག་ཆ་ཨང་༣༩ པ་ནུས་མེད་དུ་གྱུར་ཟིན་པ་གསལ་བོར་མཚོན་ཡོད་པ་བཅས་སོ།།

གཉིས། ཆེས་མཐོའི་ཁྲིམས་ཞིབ་ཁང་མུ་མཐུད་གནས་ཐབས་སུ་དམིགས་བསལ་ཚོགས་ཆེན་འཚོག་འོས།

གྲོས་ཚོགས་སྐབས་གཉིས་རིང་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་མུ་མཐུད་གནས་ཐབས་སུ། དཔལ་ལྡན་བཀའ་ཤག་ནས་ཁྲིམས་ཞིབ་པ་གསར་བ་བསྐོ་ཐབས་ཀྱི་བཅའ་ཁྲིམས་བསྐྱར་བཅོས་ཐེངས་གཉིས་གཏོན་གནང་ཡང་། གྲོས་ཚོགས་སུ་དགོས་ངེས་ཀྱི་མང་མོས་རྒྱབ་སྐྱོར་མ་ཐོབ་པ་འདི། དམངས་གཙོའི་ཀ་བ་གསུམ་འཐུས་ཚང་དུ་གནས་ཐབས་ལ་བར་ཆད་ཆེན་པོ་ཞིག་བཟོས་པ་ཡིན་པས། གནས་བབ་འདི་འདི་ལྟར་འཇོག་ཐབས་རྩ་བ་ནས་མེད། དེ་བས་གལ་ཏེ། སྐབས་རྗེས་མའི་གྲོས་ཚོགས་སུ་སླར་ཡང་ཁྲིམས་ཞིབ་པ་གསར་བསྐོའི་ཐད་ཀྱི་བཅའ་ཁྲིམས་བསྐྱར་བཅོས་ཤིག་གནང་མ་ཐུབ་ན། ངེས་པར་དུ་བོད་རྒྱལ་ཡོངས་རང་བཞིན་གྱི་དམིགས་བསལ་ཚོགས་ཆེན་ཞིག་བསྐང་དགོས་པ་དུས་ཀྱི་དགོས་མཁོར་མཐོང་།

གསུམ། གྲོས་ཚོགས་ཀྱི་འཐུས་མི་རྣམས་ནི་བོད་མི་མང་སྤྱི་འཐུས་ཡིན་པ་ལས་ཆོལ་ཁ་དང་ཆོས་བརྒྱུད་བྱེ་བྲག་པའི་སྤྱི་འཐུས་ཤིག་མིན།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི། སྤྱི་འཐུས་ཡོང་ཁུངས་ཀྱི་ཆ་ནས་ཆོལ་ཁ་དང་ཆོས་བརྒྱུད་གལ་ཆེར་བརྩིས་ཏེ། སྤྱི་འཐུས་ཀྱི་གྲངས་ཚད་གཏན་ལ་ཕབ་པ་ཞིག་ལས། བདམས་ཐོན་བྱུང་རྗེས་དེ་དག་ཚང་མ་བོད་མི་མང་སྤྱི་འཐུས་ཡིན་པ་ལས་ཆོལ་ཁ་དང་ཆོས་བརྒྱུད་སོགས་བྱེ་བྲག་པ་ཞིག་གི་་སྤྱི་འཐུས་ཙམ་མིན། ཡིན་ཡང་སྤྱི་ཚོགས་ཁྲོད་དུ་ནམ་རྒྱུན་བོད་མི་མང་སྤྱི་འཐུས་ཆེ་གེ་མོ་ཞེས་མི་འབོད་པར་ཆོལ་ཁ་དང་ཆོས་བརྒྱུད་སོགས་ཡོང་ཁུངས་དེ་གཙོ་བོར་བཞག་ནས་མཚན་ཡིག་འབྲི་བ་དང་མཚན་འབོད་བྱེད་སྲོལ་ཞིག་ཆགས་ཀྱིན་པ་འདིས། དེང་སང་མི་མང་ནང་ན་སྤྱི་འཐུས་དེ་དག་ཆོལ་ཁོངས་སམ་ཆོས་བརྒྱུད་གང་དེའི་འཐུས་མི་ཙམ་ལས་བོད་མི་མང་སྤྱི་ཡི་འཐུས་མི་ཞིག་མིན་པར་འདོད་མཁན་མང་ལ། ཐ་ན་སྤྱི་འཐུས་མི་ཉུང་བ་ཞིག་ལ་ཡང་རང་ཉིད་ཆོལ་ཁའམ་ཆོས་བརྒྱུད་གང་ཞིག་གི་སྤྱི་འཐུས་ཡིན་སྙམ་ནས་དེའི་ཕྱོགས་ཞེན་ངེས་པར་བྱེད་དགོས་བསམ་གྱིན་ཡོད་པའི་ཚོར་སྣང་སྟེར། ད་དུང་མི་མང་ནང་ལ་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་ཕྱོགས་ཞེན་ཆེར་བསྐྱེད་གཏོང་བྱེད་ཀྱི་རྐྱེན་ཞིག་ལས་དེར་དགེ་མཚན་ཅི་ཡང་མི་འདུག དེ་བས་སྤྱི་ཚོགས་ཁྲོད་དུ་ནམ་རྒྱུན་ཆོལ་ཁ་དང་། ཆོས་བརྒྱུད་སོགས་ཀྱི་མིང་ཐོག་ནས་སྤྱི་འཐུས་ཆེ་གོ་མོ་ཞེས་འབོད་སྲོལ་ཞིག་ཆགས་བཞིན་པ་འདི་སྒྱུར་བཅོས་བྱེད་འོས།

དེ་བཞིན་དུ་གྲོས་ཚོགས་སུ་བོད་མི་མང་སྤྱི་འཐུས་ཆེ་གེ་མོ་ཞེས་པ་ཁོ་ནས་འཐུས་ཏེ། དགེ་བཤེས་སོགས་ཀྱི་མཚན་གནས་ཀྱང་འབོད་དགོས་དོན་མེད། གལ་ཏེ་དགོས་ན། མཁས་པ་དང་ཞིབ་འཇུག་པ་དང་རྩོམ་པ་པོ་སོགས་ཀྱི་མཚན་གནས་ཅན་ཡང་མང་བས་དེ་དག་ལ་ཡང་གཅིག་མཚུངས་ཀྱིས་འབོད་འོས། གྲོས་ཚོགས་ནང་དུ་བོད་མི་མང་སྤྱི་འཐུས་ཚང་མ་གདན་ཐོབ་གཅིག་ཡིན་པས་མཚན་གནས་བྱེ་བྲག་པ་ཞིག་སྦྱོར་དགོས་དོན་མེད་པ་བཅས་ཀྱི་གཞེན་སྐུལ་ཞུའོ།།

དམངས་གཙོའི་སྤྱི་ཚོགས་སུ་སྲིད་གཞུང་ནི་མི་དམངས་ཀྱི་སྲིད་གཞུང་ཡིན་པས་དོན་གྱི་བདག་པོ་ངོ་མ་ཡང་མི་དམངས་ཡིན་དགོས་ལ། མི་དམངས་ཀྱིས་འོས་འགན་ཡང་འཁུར་དགོས།

 

 

https://tibettimes.net/2023/03/28/224779/

2023-03-31 དཔའ་རིས་འཁྱམ་པོ
དགེ་ལགས་ཀྱིས་གསུངས་པར་་་མོས་མཐུན་དང་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད། བཀྲིན་ཆེ།
2023-03-28 རྡོ་གོར་མོ།
ཡག་བྱུང་།
2023-03-28 གསལ་ལེ་རྒྱལ།
རྒན་ལགས། བཀནལགས་ཟིན། ཧ་ཅང་ལེགས། དུས་ལ་བབ་ན་ཁ་གྲག་ཐུབ་པ་འདི་གཟི་བརྗིད་རེད། 
2023-03-28 གསལ་ལེ་རྒྱལ།
བཀླགས་ཟིན།
2023-03-28 མཇེ།
ཡག་གོ

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།