བཀླགས་གྲངས། 1883
པཎ་ཆེན་ཆུང་སྲིད་རིན་པོའི་འཁྲུངས་སྐར་ལ་ཕུལ་བའི་སེམས་ཀྱི་རི་མོ་ཞིག
ཀ ༽
ཀྱཻ། ཆུང་སྲིད་རིན་པོ་ཆེ། བྱིས་དུས་ནས་འགྲོ་བ་མིའི་ཐོབ་ཐང་འཕྲོགས་སོང་བ་ཁྱེད། རྒྱ་གྲོང་གང་ཞིག་ན་བཟང་བཙོན་གྱི་ཚུལ་དུ་བཀག་ཡོད་དམ། ཡང་ན་འཇིག་རྟེན་གཞན་ཞིག་ན་་་
ཀྱཻ། ཆུང་སྲིད་རིན་པོ་ཆེ། ཁྱེད་ཉིད་དགུང་ལོ་སོ་བཞིར་སོན་ན་ཡང་། ང་ཚོའི་སེམས་སུ་ཁྱེད་ཉིད་ད་དུང་ཡང་དེ་སྔའི་བྱིས་པ་དེ་ཡིན་སྣང་འཆར། ང་ཚོས་ཁྱེད་ཀྱི་གསུང་སྐད་མི་ཐོས་ཀྱང་། ང་ཚོས་སྔར་བཞིན་སྐུ་གོང་མའི་བཀའ་སློབ་དག་བརྗེད་མེད།
ཀྱཻ། ཆུང་སྲིད་རིན་པོ་ཆེ། ཁྱེད་ཀྱི་འབངས་མི་ཚོའི་དད་པ་དང་སྙིང་སྟོབས་ཉམས་མེད་ལ། ནམ་ཞིག་ཁྱེད་ཀྱི་གསེར་ཞལ་མཇལ་ཐུབ་པའི་རེ་བ་ཡང་བརླགས་མེད། ཁྱེད་ཀྱི་ཐུགས་ན་ཡང་ཁྱེད་ཀྱི་འབངས་མི་རྣམས་མེད་མི་སྲིད།
ཁ ༽
ཀྱཻ། དགེ་འདུན་ཆོས་ཀྱི་ཉི་མ། ཁྱེད་ཀྱིས་ཕ་ཡུལ་ནག་ཆུ་ལྷ་རི་རྫོང་དྲན་ནམ། ཁྱེད་རང་ཡུམ་བདེ་ཆེན་ཆོས་སྒྲོན་དང་། ཡབ་དཀོན་མཆོག་ཕུན་ཚོགས་གཉིས་དང་ལྷན་དུ་བཞུགས་སམ། ཡང་ན་སྔ་ས་ནས་དྭ་ཕྲུག་ཏུ་ལུས་ཟིན་པ་ཞིག་ཡིན།
དེ་རིང་སྟེ། ༡༩༨༩ ལོའི་ཕྱི་ཟླ་༤ ཕྱི་ཚེས་༢༥ ཉིན་མོ་ནི། སྐུ་ཉིད་ཀྱི་འཁྲུངས་སྐར་ཡིན་པ་དྲན་ནམ། འཛམ་གླིང་གང་སར་དད་ལྡན་གངས་ཅན་པ་ཚོས་དགའ་སྐྱོ་ཟུང་གིས་ཁྱེད་ཀྱི་འཁྲུངས་སྐར་བསུ་ཚུལ་གཟིགས་བྱུང་ངམ།
དེ་དུས་ཏེ། ཕྱི་ལོ་༡༩༩༥ལོའི་ཕྱི་ཟླ་ལྔ་བའི་ཕྱི་ཚེས་༡༤ཉིན་མོར། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཁྱེད་ཉིད་པཎ་ཆེན་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་བ་དེ་དྲན་ནམ། ཁྱེད་ཀྱི་མཚན་ལ་༸རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་བོ་ཞེས་གསོལ་བ་དྲན་ནམ། པཎ་ཆེན་སྐུ་གོང་མའི་རྣམ་ཐར་མཇུག་སྐྱོང་ཡོང་བའི་ཐུགས་རེ་གནང་སྟེ། ཁོང་གིས་ཁྱེད་ལ་ཞབས་བརྟན་གསོལ་འདེབས་བཞེད་དོན་ལྷུན་འགྲུབ་མ་ཞིག་ཀྱང་མཛད་ཡོད་པ་མཁྱེན་ནམ།
ཀྱཻ། ཆུང་སྲིད་རིན་པོ་ཆེ། པཎ་ཆེན་རིན་པོ་ཆེ། ཁྱེད་ཀྱིས་ངེས་པར་དུ་འདི་དག་མཁྱེན་དགོས་ཡ། ད་ནི། རྒྱལ་བ་རིན་པོ་ཆེ་ཡང་དགུང་གྲངས་དགུ་བཅུ་ལ་ཉེ་བས། ཁྱེད་ཀྱང་ཐུགས་བསྐྱེད་དམ་བཅའ་གང་གི་མཐུས་ད་ནི་གངས་རིའི་པང་དུ་ལོག་རན་རེད་ཡ།
ག ༽
ཀྱཻ། པཎ་ཆེན་ཆུང་སྲིད་རིན་པོ་ཆེ། ཁྱེད་ཀྱིས་གསན་བྱུང་ངམ། གཟིགས་བྱུང་ངམ།
འདི་ལྟ་སྟེ། “རྒྱ་ཆེན་བསྟན་འགྲོའི་ནོར་འཛིན་སྐྱོང་བ་ལ། །ཟླ་མེད་མཁྱེན་བརྩེ་ནུས་པའི་དཔལ་ཡོན་རྫོགས། །དོན་དམ་དགེ་ལ་རབ་འདུན་སྐལ་ལྡན་ཚོགས། །སྨིན་མཛད་འགྲོ་བའི་མགོན་པོར་བརྟན་བཞུགས་གསོལ། །
སྤངས་རྟོགས་ཕུན་ཚོགས་ནོར་བུའི་མཛོད་བརྙེས་ཤིང་། །དཔལ་ལྡན་སྡེ་བཞིའི་འབྱོར་པ་བཟང་པོ་ཡིས། །གངས་ཅན་འགྲོ་ལ་རྫོགས་ལྡན་གསར་པའི་དཔྱིད། །འདྲེན་པའི་བྱེད་པོ་མཆོག་ཏུ་ཞབས་བརྟན་ཤོག །" ཅེས་པའི་གངས་ཅན་མགོན་པོའི་ཐུགས་བཞེད་འདི་བཞིན་ཡོངས་སུ་འགྲུབ་པར། ང་ཚོ་སྟེ། བོད་གངས་ཅན་པ་ཡོངས་ཀྱིས་རེ་ལྟོས་ཆེན་པོས་གསོལ་བ་སྨོན་ལམ་འདེབས་ཀྱིན་ཡོད། ཁྱེད་ཀྱིས་མཁྱེན་བྱུང་ངམ། ཀྱཻ། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་་་ ་་་
༢༠༢༣/༤/༢༥