བཀླགས་གྲངས། 1292
ཟམ་གདོང་རིན་པོ་ཆེའི་སྐུའི་འཁྲུངས་སྐར་ལ་ཕུལ་བའི་སྙན་དངགས་ཚན་པ་ཞིག་དང་གཞས་ཚིག་ཅིག
སྡོམ་གསུམ་པད་དཀར་དྲི་མས་གོས་པ་མེད།།བསླབ་གསུམ་བདུད་རྩིས་རྟག་ཏུ་མ་མྱོས་མེད།།ཚུལ་གསུམ་རིགས་པས་དོན་ལ་བསླུས་པ་མེད།།ཉམས་མེད་དྲང་སྲོང་དེ་ལ་ཕྱག་འཚལ་བསྟོད།།
ཆོས་པ་མི་དགྱེས་བརྟུལ་ཞུགས་མེད།།ཁྱིམ་པ་སུན་འབྱིན་སྤྱོད་ཚུལ་མེད།།འཁོར་སློབ་མི་དད་མཛད་པ་མེད།ཀུན་མཐུན་དྲང་སྲོང་དེ་ལ་བསྟོད།།
བླ་མའི་བཀའ་དང་འགལ་བའི་སྙིང་ཁམས་མེད།།བཀའ་དགོངས་ཇི་བཞིན་སྒྲུབ་ལ་ཞུམ་པ་མེད།།བཤེས་གཉེན་བསྟེན་པའི་ཚུལ་ལ་ནོངས་པ་མེད།།ཐུགས་སྲས་དྲང་སྲོང་དེ་ལ་ཕྱག་འཚལ་བསྟོད།།
བློ་གཅིག་དམ་བཅར་འགྱུར་བ་མེད།།དོན་གཉིས་སྒྲུབ་ལ་འཕྱུགས་པ་མེད།།སྐད་གསུམ་སྨྲ་ལ་ཐོགས་པ་མེད།།འགྲན་མེད་དྲང་སྲོང་དེ་ལ་བསྟོད།།
གནས་ལུགས་མེད་པའི་དགག་བཞག་སྟོང་བ་མེད།།བདེན་པ་དོར་བའི་རྫུན་གཏམ་རྐུབ་རྡོལ་མེད།།ཕན་ཐོགས་མེད་པའི་མཚར་གཏམ་ངག་ཀྱལ་མེད།།བདེན་པའི་དྲང་སྲོང་དེ་ལ་ཕྱག་འཚལ་བསྟོད།།
ཆོ་མེད་ཆོལ་ཁའི་ཕྱོགས་ཞེན་མེད།།གཞི་མེད་སྐྱོན་འདོགས་དུག་ལྕེ་མེད།།དོན་མེད་རྩོད་པའི་ཁ་ཕོ་མེད།།ཀུན་སྙོམ་དྲང་སྲོང་དེ་ལ་བསྟོད།།
རང་བཙན་ལོ་རྒྱུས་ནག་གསུབ་བཏང་བ་མེད།།དབུ་མའི་ལམ་ཆེན་སྙེག་ལ་ཕྱིར་བཤོལ་མེད།།ཤེས་ཡོན་སྲིད་བྱུས་ལམ་ལ་ནོར་བ་མེད།།ཀུན་བཟང་དྲང་སྲོང་དེ་ལ་ཕྱག་འཚལ་བསྟོད།།
དམ་པའི་ཆོས་ལ་རྨོངས་དད་མེད།།ཚན་རིག་འཕྲུལ་ལ་མཚར་སྣང་མེད།།འཇིག་རྟེན་བྱ་བར་ཞེན་ཆགས་མེད།།དྲང་སྲོང་དམ་པ་དེ་ལ་བསྟོད།།
མཁས་མང་དབུས་ན་སྨྲ་བ་འགག་པ་མེད།།བླུན་པོའི་གྲལ་ལ་སྡང་མིག་བགྲད་པ་མེད།།ཁེར་རྐྱང་གཟིམ་ཁྲིར་རང་བདེའི་རྨི་ལམ་མེད།།མཚུངས་མེད་དྲང་སྲོང་དེ་ལ་ཕྱག་འཚལ་བསྟོད།།
ཐ་སྙད་རིག་གནས་མ་མཁྱེན་མེད།།དྲིས་པའི་ལན་ལ་ལྐུགས་དུས་མེད།།ལེགས་ཉེས་བླང་དོར་ནོར་བ་མེད།།ཡང་དག་དྲང་སྲོང་དེ་ལ་བསྟོད།།
ཕྲག་དོག་མེ་ལྕེས ཁ་སྤུ་བསྲེགས པ་མེད།།མཐོང་ཆུང་མཆིལ་མས་སྲིན་བུ་བསད་པ་མེད།།བདེན་རྫུན་བསྲེས་མས་མི་མང་བསླུས་པ་མེད།།བདེན་སྐྱོང་དྲང་སྲོང་དེ་ལ་ཕྱག་འཚལ་བསྟོད།།
མཐོ་ལ་ཁ་ཡག་བཤད་མི་ཤེས།།དམན་ལ་ཚིག་རྩུབ་སྨྲ་མི་ནུས།།མཉམ་ལ་འགྲན་སྡུར་བྱེད་མི་ཕོད།།ཉམ་ཆུང་དྲང་སྲོང་དེ་ལ་བསྟོད།།
ཆོས་ཀྱི་ཁྲི་ཁར་མ་དུལ་སྙེམས་པ་མེད།།སྲིད་ཀྱི་སྟེགས་བུར་གཟི་བརྗིད་ཉམས་པ་མེད།།ལུགས་གཉིས་འཛིན་སྐྱོང་བཀའ་དྲིན་གཞལ་དུ་མེད།།འགྲན་བྲལ་དྲང་སྲོང་དེ་ལ་ཕྱག་འཚལ་བསྟོད།།
ཁ་གསག་གཏམ་ལ་ངོ་འཛུམ་མེད།།སྐུར་བ་འདེབས་ལ་སྙ་གཉེར་མེད།།མདོར་ན་འཇིག་རྟེན་ཆོས་བརྒྱད་མེད།།ཅང་མེད་དྲང་སྲོང་དེ་ལ་བསྟོད།།
སྙན་གྲགས་བ་དན་མ་བསླངས་མཐོ་བ་དེ་ཁྱོད།།ཆོས་སྲིད་གང་ལ་མ་འགལ་གྲུབ་ཐོབ་དེ་ཁྱོད།།རྒྱལ་དབང་ཐུགས་རེ་བཅོལ་ས་མ་ནོར་དེ་ཁྱོད།།ངེས་དོན་དྲང་སྲོང་དམ་པར་ཕྱག་འཚལ་བསྟོད།།
༸ མི་རྗེ་བཀའ་ཁྲི་ཟུར་བ་ཟམ་གདོང་སྤྲུལ་པའི་སྐུ་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཐུན་མོང་སྣང་ངོའི་མཛད་པའི་ཕྱོགས་འགའ་ཚིགས་སུ་བསྡེབས་པ་དྲང་སྲོང་དགྱེས་པའི་ངག་ཅེས་འདི་བོད་རྒྱལ་ལོ་༢༡༥༠ ཆུ་ཡོས་དགུ་བའི་ཉེར་གཉིས་སྟོན་པ་ལྷ་ལས་བབས་པའི་དུས་ཆེན་ཉིན་ལྷ་མིང་ཅན་ཆབ་བྲག་ཕོ་ཉས་དཔལ་རིས་གྲོང ཁྱེར་ནས་དད་པས་སྦྱར་བ་དགེ་གྱུར་ཅིག། ༢༠༢༣/༡༡/༤
བཀའ་སྒྲུབ་ཤིང་རྟ་ཆེན་པོ།
སྔོན་བསགས་ཐུགས་བསྐྱེད་ཁྱད་འཕགས།།དུས་སུ་སྨིན་པའི་སྐྱེས་ཆེན།།མཁས་བཙུན་བཟང་གསུམ་ལྷུན་གྲུབ།།བླ་མ་བློ་བཟང་བསྟན་འཛིན།།
གངས་ཅན་མགོན་པོའི་བཀའ་དགོངས།།སྒྲུབ་མཁས་ཤིང་རྟ་ཆེན་པོ། དཔའ་མཛངས་བསོད་ནམས་ལྷུན་གྲུབ།།སྲིད་སྐྱོང་བཀའ་ཁྲི་ཟམ་གདོང་།།
རང་གཞན་རིག་གནས་མཐའ་དག།སྨྲ་བའི་དབང་ཕྱུག་ཆེན་པོ།།མཁྱེན་དཔྱོད་སྤོབས་པ་ལྷུན་གྲུབ།།མཁས་མང་གཙུག་རྒྱན་ཟམ་གདོང།
དམངས་ཀྱིས་བཀུར་བའི་བཀའ་ཁྲི།།མཁས་རྣམས་བསྔགས་པའི་བླ་མ།།བསྟན་དང་འགྲོ་བའི་ཆེད་དུ།།སྐུ་ཚེ་ཞབས་པད་བརྟན་ཤོག།
༢༠༢༣/༡༠/༡༢ གཟའ་ཕུར་བུ་ལ་གུས་པས་སྦྱར་བ་དགེ་ལེགས་འཕེལ།


