བཀླགས་གྲངས། 1090
བོད་རྒྱལ་ལོ་༢༡༥༡ ཤིང་འབྲུག་ལོ་སར་ལ་ཕུལ་བའི་གྱེར་ཚིག་ཅིག
ལྡིར་བྱུང་། དལ་ཞིང་ལྷོད་ལ་་ཡུན་གྱིས་ལྡིར་བྱུང་། རྒྱང་རིང་གི་སྤྲིན་སྔོན་སྟུག་པོའི་ཀློང་ཡངས་ནས་ལྡིར་ཅིང་། མཐའ་ཡས་པའི་སྔོ་བསངས་ཀྱི་གནམ་མཐའ་རུ་ཁྱབ་སོང།
འདི་ནི། གནམ་ལོ་འབྲུག་གིས་ཚེས་པའི་ལོ་གསར་བའི་སྔོན་བརྡ་རེད། བཀྲ་ཤིས་པའི་རྟེན་འབྲེལ་རེད། བདག་ཅག་གཞིས་བྱེས་ལྷན་འཛོམས་ཡོང་བའི་རྟགས་རྟེན་འབྲེལ་བཟང་པོའི་རང་བྱུང་གི་རྔ་སྒྲ་སྙན་མོ་རེད།
མཆོད་མཆོད། འོ་ཇ་དཀར་པོའི་ཕུད་གྱིས་མཆོད། སྦྲང་དཀར་རྩམ་པའི་བསང་གིས་མཆོད། མིའི་ཡུལ་ལ་ལོ་ལེགས་དང་ཞི་བདེའི་དཔྱིད་དཔལ་བསུ་བའི་རྟེན་འབྲེལ་དུ་མཆོད།
བབས་བྱུང་། ཉི་ཟེར་དང་བསྡེབས་ཏེ་བབས་བྱུང་། གཡུ་འབྲུག་གི་ཁ་ཆུ་ལྷོད་ཀྱིས་གཏོར་བ་དང་འདྲ་བའི་དྲོ་ཞིང་འཇམ་པའི་སྦྲང་ཆར་ཟམ་ཟིམ་དེ། ས་ཡི་གོ་ལའི་ཉིན་སྲིབ་མེད་པར་སྙོམ་པོར་བབས་བྱུང་།
འདི་ནི། ཤིང་ཕོ་འབྲུག་གི་ལོ་ལ་རྩི་ཏོག་ནགས་ཚལ་རྒྱས་པའི་སྔ་ལྟས་རེད། ལོ་ཕྱུགས་འཕེལ་ཁ་དར་བའི་རྟེན་འབྲེལ་རེད། མིའི་ཡུལ་ལ་དགའ་སྐྱིད་ཡོང་བའི་རྟགས་རྟེན་འབྲེལ་བཟང་པོའི་རང་བྱུང་གི་དངོས་གྲུབ་རེད།
མཆོད་མཆོད། དཀར་གསུམ་མར་གསུམ་ཟས་ཀྱི་ཕུད་ཀྱིས་མཆོད། དུག་གསུམ་ནད་སེལ་སྨན་སྣ་བརྒྱ་ཡིས་མཆོད། མིའི་ཡུལ་ལ་བྱམས་བརྩེ་དང་ཞི་བདེའི་དྲོད་སྣང་འཁྱིལ་བའི་རྟེན་འབྲེལ་དུ་མཆོད།
འཛོམས་བྱུང་། དགའ་ལྷང་ལྷང་འཛོམས་བྱུང་། གཡུ་འབྲུག་གི་ལྡིར་སྒྲ་ལས་སྙན་པའི་དགོད་སྒྲ་ལྷག་ལྷག་གི་མགྲོན་་པོ་བརྒྱ་སྟོང། ག་ས་གང་ནས་ཁྲོམ་ཆེན་པོའི་འདུ་ར་རུ་ཁྲ་ལམ་མེར་འཛོམས་བྱུང་།
འདི་ནི། དེ་རིང་གི་ལོ་སར་སྤྲོ་ཚོགས་སྐྱིད་ལ་རོལ་བའི་ཐོག་མའི་བསུ་མ་རེད། མཛའ་མཐུན་མཉམ་གནས་ཡོང་བའི་རྟེན་འབྲེལ་རེད། རྒན་དར་གཞོན་གསུམ་ཚང་མ་ཁྱིམ་ཚང་གཅིག་གི་བདེ་སྡུག་མཉམ་གནས་ལ་འཛོམས་པའི་རྟགས་རྟེན་འབྲེལ་བཟང་པོ་མ་བསྒྲིགས་རང་འགྲིགས་དེ་རེད།
མཆོད་མཆོད། བདུད་རྩི་ཆང་གི་ཕུད་ཀྱིས་མཆོད། སྣ་ཚོགས་བཟའ་བཅའ་བཏུང་བ་ཕུན་སུམ་ཚོགས་པས་མཆོད། ཚང་མ་ནད་མེད་བདེ་ཐང་ངང་རང་གཞན་ཀུན་ཕན་གྱི་དོན་བཟང་གང་མང་ཞིག་འགྲུབ་པའི་རྟེན་འབྲེལ་དུ་མཆོད།
ཆས་འགྲོ ང་ཚོ་ཐུན་མོང་གི་ལམ་ཆེན་དུ་ཆས་འགྲོ རེ་བ་དང་སྤོབས་པས་ཆས་འགྲོ བདེན་དོན་དང་རང་དབང་དེའི་ཆེད་དུ། རླབས་ཆེན་གྱི་བྱ་གཞག་དེའི་སླད་དུ། གངས་ཅན་མགོན་པོའི་བཀའ་ཡིག་སྙིང་ལ་བརྐོས་ཏེ་ཆས་འགྲོ
འདི་ནི། ལོ་གསར་བ་དོན་གྱིས་བསུ་ཚུལ་ཞིག་ཡིན་ལ། འདི་ནི་འུ་ཅག་གངས་འདབས་ནས་ཆས་པའི་ཐོག་མའི་དམིགས་ཡུལ་ཡང་ཡིན། དེ་བས། ང་ཚོ་ངེས་པར་དུ་ལག་གདང་སྦྲེལ་ནས་ལྷན་དུ་ཆས་དགོས། ཆས་ཤོག་ཡ་་་
མཆོད་མཆོད། དཀོན་མཆོག་ཀུན་འདུས་རྩ་བའི་བླ་མར་མཆོད། དཀར་ཕྱོགས་སྐྱོང་བ་ཀུན་ལ་མཆོད། དམ་ཚིག་གཙང་མའི་འོ་མས་མཆོད། འཆི་མེད་ཚེ་ཡི་བདུད་རྩིས་མཆོད། ཕྱི་ནང་འགལ་རྐྱེན་མ་ལུས་ཞི་བ་དང་། བདེན་དོན་རྣམ་པར་རྒྱལ་བའི་སྨོན་ལམ་འདེབས། ཀི་ཀི་སྭ་སྭ་ལྷ་རྒྱལ་ལོ།།