བཀླགས་གྲངས། 1298
གངས་གཟིག་ནི་གསའ་ཡང་རེད་འདུག་མོད་གསའ་ནི་གངས་གཟིག་རེད་མི་འདུག་ལ། གངས་གཟིག་ནི་རང་གི་འཚོ་བ་དོན་གཉེར་མཁན་ཙམ་ཞིག་དང་གསའ་ནི་གངས་གཟིག་གི་ཚེ་སྲོག་ལ་སྲུང་སྐྱོབ་མཁན་ཞིག་རེད་འདུག
ཁ་བྱང་གི་འགྲེལ།
ལོ་སར་གྲབས་ཡོད་དུས། ཇག་དཔོན་ཟླ་བས་ཝ་ཚབ་བརྒྱུད་དེ། “གསའ” ཞེས་པའི་གློག་བརྙན་གཟིགས་འབུལ་གྱི་བརྡ་ཡིག་ཅིག་བསྐུར་ནས། ཁྱོད་བལྟ་རུ་འགྲོ་འམ་གློག་བརྙན་འཛིན་བྱང་ཉོས་མེད་ན་ངས་དྲྭ་ཐོག་ནས་ཉོ་དགོས་ཟེར་བས། ངས་བལྟ་འདོད་ཡོད། ཉོ་རོགས། བཀའ་དྲིན་ཆེ། ཞེས་འཕྲིན་ལན་སྟབས་བདེ་ཞིག་བྲིས་ཤིང། ཧྥ་ཇག་གླེང་ཚོམས་ནང་ལ་ཡང་ལོ་སར་ཚེས་༢ དགོང་མོར་གློག་བརྙན་བལྟ་བར་ཡོང་མཁན་ཡོད་ན་ལོ་སར་གྱི་བདུད་རྩི་མཆོད་ཆོག་ཅེས་བཤད། ཇག་དཔོན་ཤེད་བུས་ཀྱང་གློག་བརྙན་ལ་བལྟ་རུ་ཡོང་མཁན་ཚོ་ཅུང་སྔ་ཙམ་འཛོམ་དགོས་ཞེས་བཤད་བྱུང་། ཡིན་ན་ཡང་ང་ལོ་ཉུག་ལ་སོང་ནས་རྗེས་ལ་ལུས་སོང། བོད་མི་བཅུ་ལྷག་ཅིག་ཡོང་འདུག་པའི་ནང་གི་མང་ཆེ་བ་ཧྥ་ཇག་ཡི་གེ་བ་ཚོ་རེད་འདུག “གསའ”ལ་མ་བལྟས་སྔོན་ནས་དེའི་སྐོར་གྱི་ཁ་བརྡའི་རྟ་ཁ་གློད་ཀྱིན་འདུག གློག་བརྙན་ལ་བལྟས་རྗེས་ང་ཚོ་ཆང་ཁང་ཞིག་ཏུ་བསྡད་དེ་མི་རེ་རེས་ལྦུ་ཆང་ཤེལ་ཕོར་ཆེན་པོ་རེ་ཡར་བཏེགས་ཏེ་གསའ་ལ་མཆོད་ཆང་བཀྱགས། འདི་ནི་དོན་ལ་འདས་པོ་པད་མ་ཚེ་བརྟན་ལགས་ལ་རྗེས་སུ་ཡི་རང་དང་བཅས་རྗེས་དྲན་ཞུ་ཚུལ་ཞིག་ཅི་ལ་མིན། སྒྲེ་བོས་མཆོད་ཆང་གི་སྦྱིན་བདག་ཡིན་ཟེར། ཟླ་བས་གློག་བརྙན་འཛིན་བྱང་ཉོས་རིན་ལ་ཚང་མས“གསའ” ལ་དཔྱད་བརྗོད་རེ་འབྲི་དགོས་ཟེར། ཚང་མས་ཧབ་ཆ་ཞིག་དང་བཅས་རེད་ཟེར།
ཚང་མས་ལྦུ་ཆང་འཐུང་ཞོར་དུ་ཁ་སུ་སྔ་རྩོད་པ་བཞིན་དུ། “གསའ”སྐོར་གླེང་སོང། ལ་ལས་གངས་གཟིག་དང་གྲྭ་བ་སོགས་མི་སྣ་གཙོ་གྲས་དག་གི་སྐོར་ནས་གླེང་། ལ་ལས་གསའ་ཡི་མཚོན་དོན་དང་གློག་བརྙན་གྱི་བསྟན་དོན་ཐད་ནས་གླེང། ལ་ལས་རང་བྱུང་ཁོར་ཡུག་དང་མི་ཡི་འབྲེལ་བ་ནས་གླེང། ལ་ལས་གངས་གཟིག་དང་གངས་རི། གངས་ཅན་པའི་འབྲེལ་བ་བཅས་ནས་གླེང། ལ་ལས་གྲྭ་བ་གསའ་དང་གཅན་གཟན་གསའ་ཡི་འབྲེལ་བ་དང་མཚོན་དོན་བཅས་གླེང། ལ་ལས་གྱོང་གུད་ཐེབས་པའི་ཁྱིམ་བདག་དང་ཉེན་རྟོག་པའི་སྐོར་ནས་གླེང། ལ་ལས་རྩ་ཆེའི་རི་དྭགས་སྲུང་སྐྱོབ་ཀྱི་ཁྲིམས་དང་སྙིང་རྗེའི་བར་ཁྱད་ནས་གླེང། ལ་ལས་གློག་བརྙན་གྱི་མཚོན་ཐབས་སྐོར་ནས་གླེང་སོང། མགོ་མཇུག་མེད་པའི་ཚོར་སྣང་དམ་དུམ་དེ་དག་གིས་སོ་སོའི་ལྦུ་ཆང་དེ་རིན་མེད་དུ་མ་བཏང་ཙམ་བྱུང་སོང་ཡང། ཟླ་བའི་འཛིན་བྱང་གི་རིན་བབ་འཇླ་ཐུབ་མཁན་སུ་སུ་ཡོད་དམ། ཧ་ཧ་ཧ་་་་
གླེང་མོལ་དེ་དག་མདོར་བསྡུས་ན། “གསའ”གཉིས་ཏེ། གྲྭ་བ་གསའ་དང་གཅན་གཟན་གསའ་གཉིས་ལ་ཐུག་འདུག་པས། ངས་གོང་དུ། “གངས་གཟིག་ནི་གསའ་ཡང་རེད་འདུག་མོད་གསའ་ནི་གངས་གཟིག་རེད་མི་འདུག གངས་གཟིག་ནི་རང་གི་འཚོ་བ་དོན་གཉེར་མཁན་ཙམ་ཞིག་དང་གསའ་ནི་གངས་གཟིག་གི་ཚེ་སྲོག་ལ་སྲུང་སྐྱོབ་མཁན་ཞིག་རེད་འདུག” ཅེས་པའི་ཚིག་འདི་་གློག་བརྙན་ལ་མ་བལྟས་པ་ཞིག་གིས་དོན་ཅི་ཡང་མི་གོ འདི་ནི་གློག་བརྙན་དེར་ལྟ་མཁན་ཕལ་མོ་ཆེས་ལས་ལས་སླ་བོར་ཤེས་ཐུབ་པ་ཞིག་ཀྱང་མ་རེད་དམ། དེ་ཡང་ཅུང་གསལ་བོར་བཤད་ན་གཅན་གཟན་དག་ནི་རང་གི་མཆེ་སྡེར་ལ་བསྟེན་ནས་གཞན་དག་གི་ཤ་ཁྲག་གིས་འཚོ་དགོས་པ་ཞིག་ཡིན་པས་རང་གིས་རང་ཁ་གསོ་ཐབས་དེ་ལས་མེད། གྲྭ་བ་གསའ་ནི་སྙིང་རྗེ་ཅན་གྱི་ཆོས་པ་ཞིག་མ་རེད་ཅེས་སུས་བཤད་ཐུབ། སྙིང་རྗེ་དང་བྱམས་བརྩེའི་སྐོར་ནས་གླེང་དུས། གངས་གཟིག་ཀྱང་ངེས་པར་གླེང་དགོས་ཏེ། གངས་གཟིག་དེ་ཡང་ཨ་མ་ཞིག་རེད་འདུག་ག ཕྲུ་གུ་གསོ་དགོས་ཀྱི་འདུག་ག དེའི་ཆེད་དུ་རང་སྲོག་ལ་མ་འཛེམས་པར་ལུག་ར་ནང་ལ་མཆོངས་པ་ཡང་ཡིན་སྲིད། ད་དུང་ལྷ་སར་མཇལ་སྐོར་ལ་ཕེབས་མཁན་རྒད་པོ་དེའི་གཏོང་ཕོད་ལ་ལྟོས་དང། དེ་ཡང་སྙིང་རྗེའི་བདག་པོ་ཆུང་ཆུང་ཞིག་རེད་མི་འདུག་ག ཐ་ན་རང་གི་འཚོ་རྟེན་ལུག་ཁྱུའི་གཤེད་མ་གངས་གཟིག་དེ་ར་སྐོར་ནང་དུ་བཀག་ནས་དགྲ་ལན་འཇལ་འདོད་པའི་ཁྱིམ་བདག་དེས་ཀྱང་མཐར་སེམས་ལྷོད་ལ་ཕབ་ནས་གསའ་དང་རྒད་པོ་དང་བཅས་དང་ལྷན་དུ་ལུག་རའི་སྒོ་ཕྱེས་ནས་གངས་གཟིག་ཚེ་ཐར་བཏང་སོང་ང། དེ་ཡང་བྱམས་བརྩེ་མིན་ན་ཅི་རེད། མདོར་ན་གངས་ཅན་པ་རྣམས་ནི་དོན་གྱིས་གངས་གཟིག་སོགས་རི་དྭགས་སྲུང་སྐྱོབ་པའི་བྱམས་སྙིང་རྗེའི་བདག་པོ་ཡིན་པ་དེ་བསྟན་འདུག་ག ཡིད་མི་ཆེས་ན་གློག་བརྙན་ནང་གི་གངས་གཟིག་གསའ་དེ་ར་སྐོར་ནས་ཕྱིར་འབུད་དུས་ཀྱི་ཞི་དུལ་དང་གུས་ལུགས་དང་བཀའ་དྲིན་ཆེ་ཞུ་བའི་རྣམ་འགྱུར་གསོན་པོ་དེས་བདེན་དཔང་བྱས་འདུག་ག གློག་བརྙན་གྱི་ཕྱིའི་རྣམ་པའི་ཆ་ནས་ཉེན་རྟོག་པ་སྒོ་ཁྱི་བཙན་པོས་སྒྱིད་སོ་འདེབས་རྒྱུ་བོ་དེ་དག་ཡོང་ནས་རྩ་ཆེའི་རི་དྭགས་སྲུང་སྐྱོབ་བྱ་རྒྱུ་རྒྱལ་ཁབ་ཀྱི་ཁྲིམས་ཡིན་པའི་བཀའ་བཀོད་འོག་ནས་གངས་གཟིག་དེ་མི་གཏོང་རང་གཏོང་འདྲ་བོ་ཞིག་བསྟན་ཡོད་ན་ཡང་གངས་གཟིག་དེས་ཉེན་རྟོག་པ་དག་ལ་གུས་ཚུལ་གྱི་རྣམ་འགྱུར་ཙམ་ཡང་བསྟན་མ་སོང་ང། དེ་དག་ནི་གློག་བརྙན་ནང་ནས་གསལ་བོར་མཐོང་ཐུབ་པའི་སྐོར་དག་རེད་འདུག་ག འདི་ལྟར་བལྟས་ན་གློག་བརྙན་ཧྲིལ་པོའམ་མི་སྣ་གཙོ་གྲས་དེ་དག་ནི་བྱམས་བརྩེས་སེམས་རྒྱུད་བརླམས་པ་རྐྱང་རེད་མི་འདུག་གམ།
བརྗོད་བྱ་གང་དང་གང་དག་ཡིན་པ་ལྟ་མཁན་ཚང་མས་ཤེས་ཐུབ་ན་ཡང་མཚོན་དོན་ཅི་དང་གང་ཡིན། མཚོན་སྟངས་ཐབས་རྩལ་ཇི་ལྟར་ཡིན་པའི་སྐོར་ལ་བསམ་ཚུལ་མི་འདྲ་བ་ཡོང་ངེས། དེ་དག་ཚང་མ་ཡང་དག་པ་སྟེ་སྒྱུ་རྩལ་གྱི་མཐུ་རྩལ་ཡིན་ནོ་ཞེས་བདེན་ཁ་ཡང་སྟེར་མི་ཤེས་ཏེ། དེ་ལྟར་ན་གློག་བརྙན་ཆེད་ལས་པ་དང་གློག་བརྙན་དཔྱད་བརྗོད་པ་ཞེས་པ་ཞིག་དགོས་ཚོད་མི་འདུག་ག ཡང་དེ་ནི་གློག་བརྙན་དཔྱད་བརྗོད་པ་ཁོ་ནའི་རྟོགས་ཐུབ་བོ་ཟེར་ན་ཡང་བདེན་ཁ་ཆ་ཚང་སྟེར་མི་འདོད་དེ། ལྟད་མོ་བ་མང་ཆེ་བའི་ཚོར་སྣང་དང་བསམ་ཚུལ་དག་རྡོག་རྫིས་གཏོང་འདོད་མེད། དེ་བས་སྤྱིར་བཏང་གི་ལྟད་མོ་བ་ཞིག་གི་ངོས་ནས་བལྟས་ན། ང་ལ་ཚོར་སྣང་ཆེས་ཆེར་ཡོང་ས་དེ་ནི་གསའ་གཉི་གའི་དངོས་དང་ཤུགས་ཀྱི་འབྲེལ་བ་ཐུན་མོང་མ་ཡིན་པ་ཞིག་ཡིན་པའི་མཚོན་ཐབས་དེ་དང་། དེ་དང་འབྲེལ་ནས་གློག་བརྙན་ཧྲིལ་པོས་་བྱམས་བརྩེའི་ཚོར་སྣང་ཞིག་ངང་ངམ་ཤུགས་ཀྱིས་ལྟད་མོ་ཚོར་སྦྱིན་ཐུབ་པའི་ཆ་དེ་རེད། དེས་ན་དེ་ནི་རྩོམ་པ་པོའམ་འཁྲབ་ཁྲིད་པ་ཁོང་གི་རྣམ་དཔྱོད་དང་མི་ཚེའི་ལྟ་བ་དང་གཤིས་ཀ་དང་འབྲེལ་བ་ཞིག་ཅི་ལ་མིན། དེ་བས་ངས་སྨྲ་བ་ཉུང་ཞིང་ངང་རྒྱུད་དྲང་ལ་གཤིས་ཀ་འཇམ་པའི་འདས་པོ་ཁོང་སླར་ཡང་དྲན་བྱུང། དགའ་བ་ཞིག་དང་སྐྱོ་བ་ཞིག་གིས་དྲན་དུ་བཅུག་སོང། འདི་ནི་རྗེས་སུ་དྲན་པ་ཙམ་མིན་པར་སེམས་ནང་གི་གདེང་འཇོག་ཅིག་ཀྱང་རེད་མི་འདུག་གམ།
གློག་བརྙན་ནི་རྩོམ་རིག་དང་འབྲེལ་བའི་སྒྱུ་རྩལ་སྣ་འདུས་ཀྱི་སྒྱུ་རྩལ་ཆེན་པོ་ཞིག་ཀྱང་ཡིན་པའི་ཆ་ནས་གློག་བརྙན་ནང་གི་མི་སྣ་རེ་རེའི་ཁྱད་ཆོས་དག་དང་དོན་གྱི་བྱུང་རིམ། སྤྱི་ཚོགས་ཁོར་ཡུག་བཅས་པའི་རྣམ་པ་ཇི་ལྟར་བསྟན་ཚུལ་བཅས་ཀྱི་སྐོར་ནས་ཞིབ་བརྗོད་བྱེད་དགོས་ན་གློག་བརྙན་དེར་ད་དུང་ཡང་ལྟ་བསྐྱར་ལྟ་རེ་བྱེད་དགོས་ངེས། ཚོར་སྣང་རགས་ཙམ་ཞིག་བཤད་ན། གློག་བརྙན་གྱི་མགོ་བརྩམས་པ་ནས་མཇུག་བར་ལ་ཉོབ་སྣང་མི་ཡོང་བ་ཞིག་དང་རིག་པ་སྒྲིམ་དགོས་པ་ཞིག གསའ་དང་རྒད་པོ། ཁྱིམ་བདག་དང་གངས་གཟིག་བཅས་ལ་དགའ་སྣང་སྐྱེ་ཞིང་སེམས་ཐག་ཉེ་བ་ཞིག དུས་ཚོད་ཅི་ཙམ་གྱིས་འདས་པ་མ་ཚོར་བ་ཞིག་བྱུང་སོང་བས། དེ་དག་ནི་གློག་བརྙན་གྱི་འཁྲབ་རྩལ་དང་སྒྲིག་སྦྱོར་སོགས་ཀྱི་མཐུ་རྩལ་ཞེས་པ་དེ་ཡིན་ངེས།
ཤེད་བུ་དང་ཟླ་བ། སྒྲེ་བོ། ལམ། གསལ་ལེ་རྒྱལ་རྣམ་པས་ཧྥ་ཇག་ཡི་གེ་བའི་གླེང་ཚོམས་ནང་ལ་ཡང་གློག་བརྙན་སྐོར་ནས་ཁ་བརྡ་གང་འཚམ་བྱས་འདུག་མོད། ང་ལོ་སར་དུ་ཡར་མར་ལ་ལོ་ཉུག་ལ་སོང་ནས་ད་དུང་ཚང་མར་ཉན་ཐུབ་མེད་ལ་བསམ་ཚུལ་འབྲི་ཁོམ་ཡང་མ་བྱུང། སང་ཉིན་ནི་ཚེས་༢༡ གཟའ་ལྷག་པ་སྟེ། རྒྱལ་སྤྱིའི་སྐད་ཡིག་ཉིན་མོ་དང་ཧྥ་ཇག་དྲྭ་ཚིགས་སྒོ་འབྱེད་ཀྱི་ཉིན་མོ་ཡང་ཡིན་པས་ཧྥ་ཇག་ཡི་གེ་བ་ཚོ་ལྷན་འཛོམས་ཀྱིས་རྟེན་འབྲེལ་ཞིག་ཞུ་རྒྱུ་ཡིན་པས། “གསའ” ཡི་རོལ་མྱོང་འདི་ཙམ་ཞིག་ཡི་གེར་བཀོད་པ་ཡང་དེའི་ཆ་ཤས་ཤིག་ཏུ་བརྩི་ཆོག་ལ། ཇག་དཔོན་ཟླ་བའི་གློག་བརྙན་འཛིན་བྱང་གི་རིན་བབ་ཡང་དུས་གཅིག་ཏུ་འཇལ་བའི་ཁུལ་ཡིན། ཧ་ཧ་ཧ་་་་་
ཉིན་ཤས་གོང་ནས་སྐུ་ཞབས་ལྗང་བུའི<<བརྩེ་དུང་གི་གཏམ་རྒྱུད།>> ཀྱི་དེབ་གསརའགྲེམ་བརྡ་ཅུང་བཀྲམ་ཡོད་པ་ལྟར་སང་ཉིན་གྱི་སྐད་ཡིག་དང་ལྷག་དཀར་དང་ཧྥ་ཇག་ཉིན་མོ་བཅས་ཀྱི་རྟེན་འབྲེལ་དུ་ཡང་རྩོམ་དེབ་འགའ་འགྲེམ་འཚོང་བྱ་རྒྱུ་དང་། ཚེས་༢༥ གཟའ་ཉི་མའི་ཉིན་གུང་རྗེས་ལ་ཡང་ལྗང་བུ་ལགས་ཁོང་གི་ཀློག་པ་པོ་འགའ་དང་ལྷན་ཇ་ཁ་ཆང་ཞིག་ནས་ཅི་གྲོས་མོལ་གྲོས་རེ་གནང་འདོད་འདུག་ན་ཁོམ་ལོང་ཡོད་པ་ཚོ་ཕེབས་ཤོག་ཨ།