ལས་སྐལ་གཅིག་པའི་གྲོགས་པོ་ཞིག་གི་འདས་མཆོད་དུ་སྤེལ་བ།
བཀླགས་གྲངས། 1069
མཚན་ཙམ་ཐོས་པས་སྡུག་བསྔལ་ཞི་བྱེད་ཅིང་།།
དུག་གསུམ་ནད་སེལ་འགྲོ་བའི་སྨན་པ་ཆེ།།
ཐུགས་རྗེ་ཀུན་སྙོམས་དབང་སྔོན་འོད་ལྡན་པ།།
སངས་རྒྱས་སྨན་བླས་འགྲོ་ལ་ཤིས་པ་སྩོལ།།
འདི་ནས་རིང་དུ་གནས་པའི་ཡུལ་ཞིག་ན།།
བདག་ཚོས་ཨ་མཆོད་འབོད་པའི་སློབ་གྲོགས་ཏེ།།
དོན་ལ་མིང་དོན་མཚུངས་པའི་དགེ་རྒན་གང།།
མི་འདོད་ནད་ཀྱིས་བཟུང་བའི་གཏམ་ངན་ཐོས།།
སྐྱེས་བའི་མཐའ་མ་འཆི་བ་སྟེ།
ཟློག་མེད་ཆོས་ཉིད་ཡིན་ན་ཡང།།
མ་རྒས་ན་བས་འཇོམས་པ་འདིས།
ཡིད་ལ་ཕངས་པའི་སྡུག་སྣང་སྟེར།།
རྒྱང་རིང་གངས་ཅན་ཡུལ་ནས་རྒྱང་སྐྱོད་ཀྱིས།།
རྒྱང་རིང་རྒྱ་གར་ཡུལ་ནས་ལྷན་འཛོམས་ངང།།
རྒྱང་རིང་ཕུགས་བསམ་ཞིག་ལ་བརྩོན་པའི་གྲོགས།།
རྒྱང་རིང་ཕྱི་མར་ཆས་པ་ཉུང་ཉུང་མིན།།
ཡེ་ཤེས་རྒྱ་མཚོ་བློ་བཟང་བཟོད་པ་ལགས།།
འཇམ་དབྱངས་དང་ནི་ངག་དབང་མཁྱེན་བརྩེ་ལགས།།
བསོད་ནམས་ཚེ་རིང་དགེ་གྲོགས་དམ་པ་རྣམས།།
མ་རྒས་ནད་ཀྱིས་བཅོམ་པས་ཡིད་རེ་ཕངས།།
ད་ཡང་རྩོད་གྲོགས་འཇམ་དཔལ་ཚུལ་ཁྲིམས་ཞེས།།
གཟུར་གནས་སྨྲ་བའི་མགྲིན་པ་གཟེངས་མཐོ་ལ།།
རྣམ་དཔྱོད་རལ་གྲིའི་སོ་ཁ་རྣོ་བ་གང།།
འཆི་བདག་ཞགས་པས་མགུལ་བ་འཆིང་འདི་སྐྱོ།།
ཟློག་མེད་ནད་ཀྱིས་བཟུང་བ་ལ།།
ཕན་པའི་ཐབས་ནི་གཞན་མེད་དེ།།
རང་སེམས་ཆོས་ལ་ཕྱོགས་གྱུར་ན།།
འཆི་ཁའི་སེམས་ཉིད་མཐུ་བཙན་གསུངས།
དེ་བས་འདི་ལྟར་ཚིག་འགའ་ཞུ།།
སྐྱེ་རྒ་ན་འཆི་མི་ཡི་སྡུག་བསྔལ་བཞིས།།
ཐར་བར་བཏང་བ་སུ་ཞིག་མེད་པས་ན།།
སེམས་ཁྱོད་འཇིགས་པ་དོན་མེད་བླུན་པ་སྟེ།།
དད་པའི་རྟེན་དྲུང་ནོངས་པ་བཤགས་པ་དང།།
རང་གཞན་དགེ་བ་ཀུན་ལ་ཡིད་རངས་མཛོད།།
སྐྱེ་ས་མ་ནོར་ཁ་བ་ཅན་གྱི་ལྗོངས།།
འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན།།
སྐྱེས་པ་དོན་ལྡན་དམ་པའི་ཆོས་ཀྱང་ཐོས།།
བསོད་ནམས་ཚོགས་གསོག་དགེ་བའི་ནོར་ཡང་ཡོད།
སེམས་ཁྱོད་འདི་ལྟར་བསམས་ནས་དགའ་བ་སྐྱེད།།
ས་མཐར་འགྲིམས་པ་དོན་མེད་སྤྲང་འཁྱམ་མིན།།
ཕྱག་ན་པད་མོའི་བྱིན་རླབས་ཞུས་ནས་ཡོད།།
བཀའ་དགོངས་བསྒྲུབས་པའི་ལག་རྗེས་མི་དམན་ཡོད།།
དད་པ་དམ་ཚིག་གཙང་མ་སེམས་ན་ཡོད།།
སེམས་ཁྱོད་འདི་ལྟར་བསམས་ནས་དགའ་བ་སྐྱེད།།
ལས་ལ་འབད་པ་བཟའ་བཏུང་ཙམ་ཞིག་མིན།།
རྙེད་བཀུར་སྙན་གྲགས་གཉེར་བའི་ལས་ཀྱང་མིན།།
མ་འོངས་སོན་རྩ་གང་མང་བསྐྱངས་ནས་ཡོད།།
དགེ་རྒན་ཞེས་པའི་མཚན་སྙན་བཏང་བ་མེད།།
སེམས་ཁྱོད་འདི་ལྟར་བསམས་ནས་དགའ་བ་སྐྱེད།།
བྱམས་བརྩེ་་ཕན་སེམས་ལ་སོགས་ཡིད་ཀྱི་དགེ།
འཆད་ཁྲིད་སློབ་སྟོན་ལ་སོགས་ངག་གི་དགེ།
རྩོམ་དང་བྲིས་རེག་ལ་སོགས་ལུས་ཀྱི་དགེ།
མདོར་ན་རང་རང་དོན་བཟང་ཆེ་ཆུང་ཀུན།།
བསམས་ནས་ཡི་རང་དགེ་བ་བསྔོ་བ་ལེགས།།
ཆོས་ལྡན་བོད་ཡུལ་ཆོས་མིན་ཀླ་ཀློས་བཟུང།།
ཆོས་དང་རིག་གཞུང་མི་རིགས་བཅས་པ་རྒུད།།
འདི་ཉིད་སྐྱོབ་ལ་སྲི་ཞུར་གང་བརྩོན་རྣམས།།
སྤྱན་རས་གཟིགས་དེས་རྗེས་སུ་འཛིན་ནོ་གསུངས།།
འདི་ལ་ཡིད་ཆེས་མཛོད་དང་བྱིན་རླབས་ཡོད།།
འདུས་བྱས་མི་རྟག་ཡིན་པས་ཆགས་ཞེན་ཅི།།
བདག་འཛིན་འཆིང་བ་ཡིན་པས་བདག་མེད་སྒོམས།།
རང་བཞིན་སྟོང་ཡང་རྟེན་འབྱུང་མི་བསླུ་བས།།
འདའ་ཀ་ཡེ་ཤེས་ལས་ལྷག་སྐྱབས་གཞན་མེད།།
འདི་ལ་ཡིད་ཆེས་སེམས་ཁྱོད་འཇིགས་པ་ཅི།།
བདག་ནི་ཤ་ཆང་འདོད་པའི་ལོངས་སྤྱོད་ལ།།
ཅི་དགར་རོལ་བའི་མདོ་མེད་འཁྱམ་པོ་ཞིག།
འོན་ཀྱང་རྒྱལ་བའི་གསུང་རབ་བདུད་རྩའི་གཟེགས།།
ཞར་དང་ཞོར་ལ་འཐུང་བའི་སྐལ་བ་ཅན།།
དེ་ཡིས་ཚིག་གི་རམ་འདེགས་འདི་ཙམ་སྦྲོན།།
འུ་ཅག་ལས་སྐལ་གཅིག་གི་ལམ་གྲོགས་ཡིན།།
དགེ་རྒན་འོས་སྦྱོང་གཅིག་གི་སློབ་གྲོགས་ཡིན།།
སྐད་དང་ཡི་གེ་གཅིག་གི་ལས་གྲོགས་ཡིན།།
རྩ་བའི་བླ་མ་གཅིག་གི་ཆོས་གྲོགས་ཡིན།།
སྐྱེ་ཀུན་དགེ་བའི་གྲོགས་སུ་འགྱུར་བར་སྨོན།།
སྐུའི་བླ་གཟའ་ལྷག་པ་དཀར་པོའི་ཉིན། ལྷ་མིང་འཛིན་པ་ཆབ་བྲག་ཕོ་ཉས་ཕུལ་བ་དགེ་ལེགས་འཕེལ།། །།༢༠༢༤ ༠༦ ༡༢
གང་ཁྱོད་གསོན་དཀའི་གནས་སྟངས་ཧ་གོ་ནས།།
སེམས་གསོའི་དགེ་སྐུལ་དེ་ཙམ་ཞུས་པ་ཡིས།།
ཕན་ཐོགས་ཅི་ཙམ་ཡོད་མེད་མི་ཤེས་ཀྱང།།
བོད་པ་ཞིག་གི་སྐྱེ་འཆིའི་རམ་འདེགས་ལ།།
བདག་གིས་དེ་ལས་ཅི་ཡང་བཤད་མ་ཤེས།།
ཉིན་འགའི་སྔོན་ལ་ཕྱི་མར་ཆས་པའི་གཏམ།།
གོ་ནས་མ་ཎི་ཚར་འགའ་བགྲངས་པ་དང།།
“བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡངས་བཏང་ནས།།
དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས།།
གྲི་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།”
ཅེས་པའི་སྨོན་ཚིག་དེ་ཡིས་སྐྱེལ་མ་བྱས།།
༢༠༢༤་༠༧་༣༡ ལྷག་དཀར་ཉིན་མོར་སླར་ཡང་རྗེས་དྲན་ཞིག་གི་ཚུལ་དུ་སྤེལ་བ་འདིས་འུ་ཅག་གསོན་གནས་རྣམས་ལ་ཡང་གཞེན་སྐུལ་ཙམ་ཞིག་ཐུབ་ན་སྙམ་པ་བཅས་སོ།།