བཀླགས་གྲངས། 832
རི་བོ་ཧི་མ་ལ་ཡ་གོམ་པས་འཇལ་བ།
ཀ
ཧི་མ་ལ་ཡ་སྟེ། གངས་ཀྱི་རི་ཚོམ་སྟོང་ཕྲག་གིས་གྲུབ་ཅིང་མུ་རྒྱུད་གཅིག་ཏུ་འབྲེལ་བའི་གངས་རིའི་རི་རྒྱུད་ཆེན་པོ་སྟེ། འཛམ་གླིང་ན་འགྲན་ཟླ་མེད་པ་ཁྱོད་ནི། ཁ་བ་གངས་ཅན་བོད་ཀྱི་ལྷོ་ནུབ་ན། བརྗིད་ཆགས་སེར་འགྱིངས་པའི་མཐའ་མཚམས་ཀྱི་ལྕགས་རི་རང་གྲུབ། ངས་ཁྱོད་ཀྱི་སྤྱི་ལེ་ཉིས་སྟོང་བཞི་བརྒྱ་ལྔ་ལྡན་གྱི་རིང་ཚད་གོམ་པས་གཞལ་དཀའ་ཡང་། ངས་ཁྱོད་ཀྱི་ཞེང་ཚད་སྤྱི་ལེ་ཉིས་བརྒྱ་ནས་སུམ་བརྒྱ་ལྷག་གོམ་པས་འཇལ་མྱོང་།
གལ་ཏེ། ང་ཁྱོད་ཀྱི་ཆེས་མཐོ་བའི་དབུ་རྩེ་སྟེ། སྤྱི་ཁྲི་༨༨༤༤ ཅན་གྱི་ཇོ་མོ་གླང་མའི་དབུ་རྩེ་ལ་འབུད་ཐུབ་ན། ངས་རི་རབ་ཁྱོད་ཀྱི་ཕར་རྒྱབ་ན་ཡོད་པའི་རྒྱ་གར་དང་བལ་ཡུལ། འབྲུག་ཡུལ་དང་འབྲས་ལྗོངས། པ་ཀི་སི་ཐན་བཅས་པའི་ཁྱིམ་མཚེས་རྒྱལ་ཁབ་དག་མཐོང་ངེས་ཡིན། དེ་དག་ནི་གནའ་སྔ་མོ་ནས་ཆོས་དང་རིག་གཞུང་གི་མཛའ་འབྲེལ་ཟབ་མོ་ཡོད་པའི་ཞི་བདེ་མཉམ་གནས་ཀྱི་ཁྱིམ་མཚེས་བཟང་པོ་དག་ཡིན།
ཁ
ད་ངས་འདས་ཟིན་པའི་ལོ་རྒྱུས་དེ་དག་མི་གླེང། དགའ་བ་ལས་ཀྱང་སྐྱོ་སྣང་སྐྱེ་གཞི་ཞིག་རེད། འོན་ཀྱང་ངས་འདིར་ལྷ་སྒྲུང་ཐུང་ངུ་ཞིག་བཤད་ན་འདོད། དེ་ནི་རི་བོ་ཇོ་མོ་གླང་མའི་ཕྱོགས་བཞི་དང་དབུས་ཀྱི་རི་རྩེ་ལྔ་ན་བཞུགས་པའི་ལྷ་མོ་སྤུན་མཆེད་ལྔ་སྟེ། གནའ་སྔ་མོ་སྔ་མོ་ཞིག་ལ། ཡབ་ལྷོ་ལྷ་འཐེང་བོ་དང་། ཡུམ་འབྲང་ཡུམ་སྨན་གཅིག་མ་གཉིས་ལ། བུ་བདུན་དང་བུ་མོ་ལྔ་འཁྲུངས། རྗེས་སུ་བུ་མོ་སྤུན་མཆེད་དེ་ལྔ་ལ་ཚེ་རིང་མཆེད་ལྔ་ཞེས་གྲགས་པ་ནི། བཀྲ་ཤིས་ཚེ་རིང་མ། མཐིང་གི་ཞལ་བཟང་མ། མི་གཡོ་བློ་བཟང་མ། ཅོད་པན་མགྲིན་བཟང་མ། གཏད་དཀར་འགྲོ་བཟང་མའོ། །
དེ་ཡང་། ཐོག་མར་རྒྱ་གར་གྱི་སློབ་དཔོན་ཕྱོགས་ཀྱི་གོ་ཆས་དམ་ལ་བཏགས་ཤིང་། བར་དུ་སློབ་དཔོན་པད་མ་འབྱུང་གནས་བོད་དུ་བྱོན་དུས་དྲག་འདུལ་གྱིས་བཀའ་སྡོད་ཀྱི་སྲུང་མར་བསྐོས། མཐའ་མར་རྗེ་བཙུན་མི་ལ་རས་པ་གནས་རི་སྨན་ལུང་ཆུ་དབར་གྱི་དབེན་གནས་སུ་བཞུགས་དུས་སླར་ཡང་ཞི་འདུལ་གྱིས་བྱང་ཆུབ་ཀྱི་ལམ་ལ་བཀོད་ཅིང་སངས་རྒྱས་ཀྱི་བསྟན་སྲུང་དུ་བཀོད། དེང་སང་ཡང་བོད་གཞིས་བྱེས་གཉིས་སུ་བསྟན་འགྲོའི་བསྡོངས་གྲོགས་མཛད་བཞིན་པའོ།།
ག
ཀྱེ་ཀྱེ། འཛམ་གླིང་གི་རི་རྒྱལ་ཆེན་པོ་ཧི་མ་ལ་ཡ། གནའ་དང་མོ་ནས་ཁྱོད་ཀྱི་རི་རྒྱུད་ཆེན་པོ་འཕྲེད་དུ་བཅད་དེ། བོད་དང་བལ་ཡུལ་དང་། རྒྱ་གར་ལ་སོགས་ཀྱི་བར་ལ་ཕར་ཚུར་འགྲོ་འོང་མང་པོ་ཞིག་བྱས་ཡོད་དེ། བོད་ཡིག་གསར་གཏོད་མཛད་མཁན་ཐོན་མི་སོགས་ལོ་པཎ་དུ་མ་ཞིག་དང་ཕེབས་མྱོང་ལ། བོད་ཀྱི་བཙན་པོ་ཞིག་གིས་སྤྲུལ་བའི་དམག་དཔུང་དྲངས་པ་ཡང་ཁྱོད་ཀྱིས་བརྗེད་ག་ལ་ཡོད། ཇོ་བོ་ཨ་ཏི་ཤ་དང་སློབ་དཔོན་པད་འབྱུང་སོགས་རྒྱ་བལ་གྱི་མཁས་གྲུབ་དུ་མ་ཞིག་ཁྱོད་ཀྱི་གསང་ལམ་དག་ནས་ཕེབས་བསུ་དང་སྐྱེལ་མ་གནང་བ་ཡང་ཁྱོད་ཀྱིས་ལོས་དྲན། མདོར་ན། ཁྱོད་ཀྱིས་གནའ་དུས་ནས་ཆོས་རིག་དཔལ་ཡོན་གྱི་བགྲོད་ལམ་དག་ལ་བར་ཆད་གནང་མྱོང་མེད།
ང་།
ཀྱེ་ཧི་མ་ལ་ཡ། དེ་དག་ནི་འདས་པའི་གཏམ་རྒྱུད་ཙམ་སྟེ། ཅི་ཡིན་ན་ཡང་ཡིན་དུ་ཆུག དུས་ད་ལྟ་ཡང་ཁྱོད་ཀྱི་དབུ་རྩེ་ནས་རི་འདབས་བར་དུ་དམར་པོ་ཁྲག་གི་རྗེས་ཤུལ་ཞིག་ཀྱང་མ་ནོག་པར་ཡོད་པ་ལོས་མཐོང་། ཁྲག་རྗེས་དེ་ནི་༡༩༥༩ ལོར་བཏོད་པའི་བོད་གངས་ཅན་གྱི་མགོན་པོ་སྤྱན་རས་གཟིགས་གསོན་པོ་ཁོང་དང་། ཁོང་གི་བཀའ་ཡི་བློན་པོ་དང་སྐུ་སྲུང་བ། བོད་ཆོལ་ཁ་གསུམ་གྱི་བསྟན་སྲུང་དང་བླང་དམག་དཔུང་དང་། ཆོས་ལྡན་བོད་མི་བཙན་བྱོལ་བ་ཁྲི་ཚོ་བརྒྱད་ལྷག་གི་བཤུལ་ལམ་རིང་མོ་དེ་རེད་ཡ།
དེ་ཅིའི་ཕྱིར་ཁྲག་རྗེས་ཀྱི་བཤུལ་ལམ་ཡིན་པ་ཤེས་སམ། དེ་ནི་བོད་ཤར་ཕྱོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་སྟེ། ཡུན་རིང་གི་དམག་འཐབ་ཁྲོད་ཁྱོད་ཕམ་ང་རྒྱལ་གྱི་ལ་རྒྱ་བརྩད་མྱོང་ལ། ཁྱོད་བཟང་ང་བཟང་གི་གཉེན་འབྲེལ་ཡང་བཟུང་མྱོང་བ། འདྲ་མཉམ་མཉམ་གནས་ཀྱི་རྡོ་རིང་ཡི་གེ་ཡང་བཞེངས་ཡོད་པའི་རྒྱ་ནག་གོང་མ་དག་རྩ་མེད་བཏང་རྗེས་ཀྱི་རྒྱ་ནག་པོའི་རྒྱལ་པོ་གདོང་སྨྲེ་ཅན་ནས་བཟུང་བཙན་རྒྱལ་རིང་ལུགས་པས་ཞི་དྲག་གི་ཐབས་བརྒྱ་ཇུས་སྟོང་གིས་ཁྱུར་མིད་བཏང་བ་ལས་བྱུང་བའི་རྨ་ཁ་སོས་ཐབས་བྲལ་ཏེ། གདུག་རྩུབ་ཀྱི་ན་ཟུག་ཇེ་ཆེར་གྱུར་པ་ལས་བྱུང་བ་ཞིག་སྟེ། ང་དང་ང་འདྲ་བ་ཁྲི་འབུམ་མང་པོ་ཡང་རིམ་བཞིན་དུ་གཟི་བརྗིད་ཀྱི་ཁྲག་རྗེས་དེ་སྙེགས་ནས་གངས་ཅན་མགོན་པོ་ཁོང་གི་བྱམས་བརྩེའི་པང་དུ་འབྱོར་བ་ནི་གཏམ་རྒྱུད་གསོན་པོ་ཞིག་གོ།
ཅ།
ཀྱེ། ཧི་མ་ལ་ཡ། རི་རབ་ཀྱི་དབུ་རྩེ་ཇོ་མོ་གླང་མ། སྐབས་དེ་དུས་ཤིག་ལ་ཁྱོད་ཀྱི་མཁའ་རུ་ཟུག་པའི་དབུ་རྩེ་སྟེ། སྤྲིན་དཀར་ལས་མེད་པའི་ཅོད་པན་ལ་ཡང་སྐར་ལྔའི་དར་དམར་ཞིག་བཙན་གྱིས་བཙུག་པ་དྲན་ནམ། དེ་ནི་རི་རབ་ཁྱོད་ཀྱི་ལ་རྒྱ་ཤོར་བ་ཞིག་ཡིན་ལ། ལྷ་མོ་མཆེད་ལྔའི་གཟི་བརྗིད་ཉམས་པ་ཞིག་ཀྱང་ཅི་ལ་མིན།
ཡིན་ན་ཡང་། ལེ་ལན་མཐའ་དག་ཁྱེད་ཅག་ལ་འགེལ་མི་རུང་སྟེ། ཆེས་གནད་འགག་གི་ཐུག་ས་ནི། ཁྱོད་ཀྱི་མཐའ་འཁོར་ན་འཚོ་བའི་ང་ཚོ་ཚང་མ་ལ་རག་ལུས་ཤིང་། ལྷག་པར་དུ་ཡང་རྒྱལ་དབང་བཅུ་གསུམ་པའི་བཀའ་གསུང་ནན་པོ་དང་ལེན་མ་བྱས་པའི་མི་རབས་རྒན་པ་ཐབས་རྡུགས་པོ་དེ་དག་དང་། དེའི་རྗེས་འཇུག་སྟེ། ཆོལ་ཁ་གསུམ་ཞེས་པའི་བཙན་བྱོལ་བ་མིང་དོན་མི་མཚུངས་པ་ང་དང་ང་ལྟ་བུ་དག་གི་ཉེས་པ་ཡིན་ལ། ང་ཚོར་བདེན་པའི་རྒྱབ་ལངས་ཀྱི་དཔུང་རོགས་ངོ་མ་ཉུང་དྲགས་པས་ཀྱང་ཅི་ལ་མིན།
ཡིན་ན་ཡང། ལས་འབྲས་ཀྱི་རྣམ་གཞག་ལ་བསླུ་བ་མེད་པ་དང་། བདེན་ལུང་བ་གཉི་གའི་ཕུ་ཐག་རིང་ཞིང་། རྫུན་ཨ་བྲ་གཉི་གའི་མཇུག་མ་ཐུང་བའི་དཔེ་ཡོད་པས། བདེན་པ་ཉིད་ངེས་པར་རྒྱལ་བར་འགྱུར་བའི་ཆོས་ཉིད་ལ་ཡིད་ཆེས་ཀྱིས་ང་ཚོ་ལྷ་མི་མཐའ་དག་དམ་ཚིག་གཙང་མའི་དཔུང་སྟོབས་སྐྱེད་དགོས།
ཀྱེ་ཀྱེ། མི་ཡུལ་གྱི་རི་རབ་ལྷུན་པོ། ཧི་མ་ལ་ཡ། བོད་གངས་ཅན་པའི་རྒྱལ་མཚན་སྲུང་བའི་ལྕགས་རི་བརྗིད་པོ། ཁྱོད་ཉིད་ཇི་སྲིད་དུ་བརྟན་ཅིང་བརྗིད་པར་སྨོན།། །།
༢༠༢༤ ༠༨ ༠༥ གཟའ་མིག་དམར་ཕྱི་དྲོར་ཚ་འཇོམས་བདུད་རྩི་བསིལ་མ་ཞིག་གིས་དྲན་སྐུལ་དང་བཅས།
སྨོན་འཕེལ་རི་ཡག་གི་བོད་ཀྱི་རིག་སྟོན་སྐབས་གསུམ་པའི་གཏམ་བཤད་ལེ་ཚན་དུ་ལྷུག་རྩོམ་ཞིག་གི་རྣམ་པར་བྲིས་སོ།། ཆབ་བྲག་ཕོ་ཉས།