Back To Top

ཞི་བའི་ལྷ་བྱ།

བཀླགས་གྲངས། 959

གངས་ཅན་མགོན་པོའི་མཛད་རྗེས་ལ་བསྔགས་པའི་མགུར་ཚིག་ཅིག

ཞི་བའི་ལྷ་བྱ།

 

ཀ ༽

ཕྱག་ན་པད་མོའི་རྣམ་སྤྲུལ། །གངས་ཅན་ཞིང་གི་མགོན་པོ།།

རྒྱལ་བ་ཡིད་བཞིན་ནོར་བུ། །འཛམ་གླིང་ཞི་བདེའི་སྐྱ་རེངས།།


སྐུ་ཡི་དཔག་བསམ་ལྗོན་པ། །མདོ་ཁམས་སྨད་ནས་འཁྲུངས་པ།།

གསུང་གི་འབྲས་བུ་སྣ་ཚོགས། །འཇིག་རྟེན་ཀུན་དགའི་ལོངས་སྤྱོད།།


ཐུགས་ཀྱི་རྒྱ་མཚོ་ཆེན་པོ། །ཡོན་ཏན་ནོར་བུའི་བང་མཛོད།།

ཐུགས་བསྐྱེད་དམ་བཅའི་འཕྲིན་ལས། །སྐྱེ་དགུ་བདེ་བའི་དཔྱིད་དཔལ།།


ལུགས་ཟུང་དམངས་གཙོའི་གཞུང་གསར། །གངས་ལྗོངས་གསར་བའི་མདུན་ལམ།།

གཉིས་སྨན་དབུ་མའི་སྲིད་བྱུས། །བོད་རྒྱའི་མཛའ་མཐུན་ལམ་བཟང་།།


ཐུགས་རྗེ་ཀུན་ལ་སྙོམ་པས། །གོ་ལ་ཁྱིམ་གཅིག་བཟླུམས་པ། །

ལམ་སྟོན་ཡོངས་ལ་སྨན་པས། །མི་རིགས་ཀུན་གྱིས་བཀུར་བ།།


དགྱེས་འཛུམ་ཞལ་གྱི་མེ་ཏོག །མཇལ་ན་དགའ་བདེ་འཕེལ་བ། །

བཞད་སྒྲ་གསུང་གི་དབྱངས་སྙན། །ཐོས་ན་བློ་རིག་རྒྱས་པ།།

ཁ ༽

ནམ་མཁའ་སྟོང་བའི་དབྱིངས་ནས། །མི་ཡུལ་དྲོད་ཀྱིས་སྐྱོང་བ། །

འཇིག་རྟེན་མུན་པ་སེལ་བའི། །སྲིད་པའི་སྒྲོན་མེ་འོད་ཆེན།།


ས་སྟེང་འཛམ་བུ་གླིང་ནས། །སྐྱེ་དགུ་ཞི་བདེས་སྐྱོང་བ། །

མ་རིག་རྨོངས་པ་སེལ་བའི། །བརྩེ་ཆེན་མཁྱེན་པའི་བདག་ཉིད།།


ཉི་ཟླ་སྐར་ཚོགས་མེད་ན། །མཁའ་འདི་མུན་པའི་སྟོང་ཁམས། །

ཉི་ཟླའི་འོད་སྣང་གསལ་བས། །གནམ་འོག་མཛེས་སྡུག་ལྡན་པ།།


ལྷ་དང་དྲང་སྲོང་མེད་ན། །འཇིག་རྟེན་རྒུད་པའི་ས་སྟོང། །

མཁྱེན་བརྩེའི་ནོར་བུ་འབར་བས། །ས་སྟེང་བདེ་དགའི་ཞིང་ཁམས།།


འོད་དང་དྲོད་ཀྱི་རང་བཞིན། །ལྷ་དང་དྲང་སྲོང་བདག་ཉིད། །

འཛམ་བུ་གླིང་འདིར་བྱོན་པའི། །འོད་ཀྱི་རྣམ་ཐར་ངོ་མཚར།།

ག ༽

འཚེ་མེད་ཞི་བའི་ལྷ་བྱ། །ལྷ་བྱ་མི་ཡི་རྣམ་སྤྲུལ། །

སྤྲུལ་པ་ལྷ་མིའི་རྣམ་འདྲེན། །འཇིག་རྟེན་མགོན་དུ་བཞུགས་དགོས།།


གཏན་བདེའི་ཉི་གཞོན་བསུ་བའི། །ཞི་བདེའི་སྐྱ་རེངས་དཀར་པོ། །

སྐྱེ་འགྲོའི་ཡིད་ཀྱི་མཁའ་ལ། །ནམ་ཡང་མི་འབྲལ་སྨོན་ལམ།།


མཁའ་འདི་འོད་ཀྱིས་ཁྱབ་ཤོག །ས་གཞི་མཛེས་སྡུག་ལྡན་ཤོག །

མི་རྣམས་བྱམས་བརྩེས་འཁྱུད་ཤོག །འཛམ་གླིང་ཞི་བདེར་གནས་ཤོག།


ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།