བཀླགས་གྲངས། 999
དཔའ་མཛངས་ལྡན་པའི་གངས་ཅན་པའི་སྐྱེས་བུ་ཞིག་རྗེས་སུ་དྲན་པ།
འཇིགས་མེད་བདེན་པའི་སྐྱེས་བུ།
གངས་ཅན་མགོན་པོར་གུས་བཏུད་ནས།།
གངས་རིའི་དཔའ་བོར་མྱ་ངན་ཞུ།།
གང་གི་མཁྱེན་བརྩེའི་འོད་ཞགས་ཀྱིས།།
གང་དག་ལམ་སྣ་འདྲེན་པར་མཛོད།།
དམར་གཞུང་སྲིན་པོའི་སྡེར་ཁྱིམ་ནས།།
དམར་ཆུང་སྲོག་དེ་ཤོར་བས་ཕངས།།
དཀར་ཕྱོགས་ལྷ་དང་མི་རྣམས་ཀྱིས།།
དཀར་པོའི་ལམ་དེར་སྐྱེལ་མ་མཛོད།།
བདེན་སྟོབས་རླུང་གིས་བསྐྱོད་པ་ཡིས།།
འཇིགས་མེད་རྒྱ་མཚོ་འཕྱུར་བའི་རླབས། །
མ་ཁོག་ཤར་ནུབ་འཕྱོ་བ་འདིར།།
ངོ་མཚར་བསྔགས་པའི་རོལ་མོ་འཁྲོལ།།
འཕགས་ཡུལ་ཉེན་ཁས་བརྒྱུད་པ་དེ།།
གནས་མཇལ་ལྟ་སྐོར་ཙམ་ཞིག་མིན།།
ཆོས་སྲིད་དོན་གྱི་བདག་པོ་ལ།།
དད་འདུན་རེ་བ་བཅོལ་བ་ལགས།།
ས་བྱི་ཞི་རྒོལ་ཆེན་པོའི་སྐབས།།
གསར་གནས་རླུང་གི་འཕྲིན་ལ་བསྐུར།།
དཀའ་སྡུག་ཟིན་ཐོ་ཁྲག་བྲིས་མ།།
དམྱལ་ཁམས་གསར་བའི་གསང་ཡིག་ཡིན།།
དམྱལ་བ་ལྟ་བུའི་བཙོན་ཁང་དུ།།
མནར་གཅོད་དྲག་པོས་མ་ཐུལ་བ།།
འཇིགས་པ་མེད་པའི་མགོ་རིལ་གང།།
བདེན་པའི་སྟོབས་ཀྱི་སྐྱེས་བུ་ལགས།
མི་འཇིགས་སྤོབས་པ་མཐོ་བ་དེ།།
དགྲ་ཞེས་ཞེ་ནས་སྡང་བས་མིན།།
དྲང་བདེན་སྐྱོང་བའི་མི་དམངས་ལ།།
བདེན་པ་བདར་བའི་སྙིང་སྟོབས་ཡིན།
བོད་ལ་དགའ་ཞེན་ཆེ་བ་དེ།།
གཉེན་ཞེས་ཞེན་ཆགས་ཙམ་དེ་མིན།།
དམ་ཆོས་སྐད་དང་ཡི་གེ་སོགས།
ཀུན་ཕན་རིག་གཞུང་སྐྱོབ་ལ་རངས།།
ལུས་སྲོག་བློ་ཡིས་བཏང་བ་དེ།།
དཔའ་བོའི་མཚན་སྙན་ཐོབ་ཕྱིར་མིན།།
བསྟན་སྲིད་རང་རིགས་རང་དབང་སླད།།
རང་སྲོག་རིན་ཐང་བསྐྲུན་པ་ལགས།།
དཔའ་མཛངས་དམ་པ་ཁྱེད་ཅག་གི།
འཚེ་མེད་བདེན་དོན་རྩོད་པའི་ལམ།།
འདི་ན་གངས་རིའི་རྗེས་རབས་པས།།
རང་གི་སྙིང་ལ་པར་དུ་འདེབས།།
བསྟན་སྲིད་ཞུ་སྲིའི་བྱེད་པོ་རྣམས།།
སྤྱན་རས་གཟིགས་ཀྱིས་མི་བསླུ་ཞེས།།
གངས་ཅན་མགོན་པོའི་བདེན་ཚིག་གིས།།
སྐྱེས་བུ་ཁྱེད་ཅག་རྒྱལ་གྱུར་ཅིག།
བོད་རྒྱལ་ལོ་༢༡༤༩ ཆུ་སྟག་བོད་ཟླ་༦ ཚེས་༡༠། གཟའ་ཉི་མར་མྱ་ངན་གུས་འདུད་དང་བཅས།