དེ་རིང་སྟེ། དྲུག་གཅིག་བྱིས་པའི་དུས་ཆེན་ཉིན་མོ་ནི། འཛམ་གླིང་གི་བྱིས་པ་ཡོངས་ལ་སློབ་གསོས་གཙོས་བྱིས་པའི་ཁེ་དབང་སྲུང་སྐྱོབ་བྱ་རྒྱུར་རྒྱལ་ཁབ་ཚང་མས་འགན་མཉམ་ལེན་བྱེད་དགོས་པའི་ཉིན་མོ་གལ་ཆེན་ཆགས་ཡོད། ཡིན་ན་ཡང་་་་
བཀླགས་གྲངས། 106
ཀ༽
དེ་དུས།
ང་རང་ལོ་ན་བཅུ་གྲངས་སྐབས།
སློབ་ཆུང་འགྲིམས་པའི་དུས་དེར།
སློབ་མ་ཚང་མ་ཆེས་དགའ་སའི་ཉིན་མོ་ཞིག་ཡོད་པ་ནི།
དྲུག་གཅིག་བྱིས་པའི་དུས་ཆེན་ཟེར་བ་དེ་ཡིན།
ཉིན་མོ་དེ་ནི།
སློབ་གྲྭའི་སྤྲོ་སྐྱིད་ཀྱི་གུང་གསེང་ཞིག་སྟེ།
བཟའ་བཏུང་གང་ཡག་གང་ཞིམ་མང་།
དབྱར་གོས་དང་དབྱར་ལྷམ་གསར་བ་སྟེར།
ལུས་རྩལ་འགྲན་སྡུར་སོགས་ཀྱི་བྱ་དགའ་མང་།
སློབ་སྦྱོང་དང་ཀུན་སྤྱོད། སྒྲིག་ལམ་གསུམ་བཟང་གི་དགའ་རྟགས་དེ་ལོ་རེ་བཞིན་འཆོར་མ་མྱོང་།
དེ་དུས་ཀྱི་ཤོམ་ལྭ་ནི་རྒྱ་ལྭ་ཡིན།
ཡིན་ན་ཡང་བོད་སྐད་དང་བོད་ཡིག་ནི།
ཁ་ལག་གཉི་གའི་རྒྱན་ཆ་ཡག་ཤོས་དེ་ཡིན་པ་དྲན།
ཁ༽
དེ་རིང་།
ང་ཕ་ཡུལ་དང་གྱེས་ནས་མི་ལོ་བཞི་བཅུར་ཉེ།
ངས་མི་ཡུལ་ས་མཐའ་འགྲིམས་བཞིན་ཡོད།
ངས་དྲྭ་ལམ་བརྒྱུད་དེ་ཕ་ཡུལ་རགས་ཙམ་རེ་མཐོང་གི་འདུག
དེ་རིང་ཡང་ཕ་ཡུལ་གྱི་དྲུག་གཅིག་དུས་སྟོན་དག་གི་ཟུར་ཙམ་རེ་མཐོང་བྱུང་།
མཐོང་སྣང་ལ་སྔར་ལས་ལྷག་པའི་རྒྱས་སྤྲོས་ཆེ་ལ།
སྔར་དང་མི་མཚུངས་པའི་རྔམ་བརྗིད་ལྡན་འདུག
འཚོ་བ་སྔར་ལྷག་གིས་ཡར་རྒྱས་སོང་བ་ནི།
འཛམ་གླིང་སྤྱི་ཡོངས་ཀྱི་འགྱུར་བ་ཞིག་ཡིན་པས།
དེས་ནི་སློབ་གསོ་ཡར་རྒྱས་ཀྱི་དཔེ་མཚོན་མི་ཐུབ།
ཡིན་ན་ཡང་མངོན་གསལ་གྱི་འགྱུར་བ་ཞིག་ནི།
སྒྲིག་ཆས་དག་བོད་གོས་དག་གཙང་རེད་འདུག
ཁ་དང་ལག་པའི་རྒྱན་ཆ་དེ་སྔར་བཞིན་མིན་ཚོད།
འགྱུར་བ་མེད་པ་ཞིག་གསལ་བར་མངོན་པ་ནི།
སྐེ་དཀྲིས་དམར་པོ་ཟུར་གསུམ་དེ་ག་རང་རེད་འདུག
དེ་ནི་དམར་ཤོག་ཚོགས་པའི་རྒྱུན་འཛིན་གྱི་མཚོན་རྟགས་ཡིན།
དེ་ནི་སྦྲང་རྩི་བྱུགས་པའི་གྲི་སོ་རྣོན་པོ་དེ་ཡང་ཡིན།
ག༽
སང་ཉིན།
ང་ཕྱིར་ཕ་ཡུལ་གྱི་པང་ལ་བདེ་བར་ལོག་ཐུབ་བམ།
སྐེ་དཀྲིས་དམར་པོ་དེ་དག་ཁ་དར་དཀར་པོ་ཞིག་ལ་བསྒྱུར་ཐུབ་བམ།
བོད་ཀྱི་སློབ་གྲྭ་ཞེས་པའི་མིང་བྱང་ཆེན་པོ་དེ་དག་ཀྱང་བོད་ཡིག་གིས་འབྲི་ཐུབ་བམ།
བོད་ཀྱི་བྱིས་པ་ཚང་མ་ཡང་རྒྱལ་སྤྱིའི་བྱིས་པའི་ཁེ་དབང་ལོངས་སུ་སྤྱོད་ཐུབ་པ་ཞིག་ཏུ་འགྱུར་ཐུབ་བམ།
༢༠༢༦་༦་༡ ཕ་རིས་སི་ནས།