བཀླགས་གྲངས། 1063
བོད་ཀྱི་བུད་མེད་དང་འབྲེལ་བའི་ཀ་བཤད་ཅིག
བུད་མེད་དུས་ཆེན་བསུ་བའི་ཀ་བཤད།
ཀ་ར་ཞིམ་ཡང་མཛེས་མའི་འགྲམ་ཆང་མིན།
ཁ་མདོག་མཚར་ཡང་སྒེག་མོའི་དོ་ཟླ་མིན།
ག་ཞ་རྩེད་མོས་སྣང་བ་བཟི་འཐོམ་མེར།
ང་དང་ཁྱོད་ཅག་སླུ་མཁན་མ་དེ་སུ།།
ཅ་དག་རྒྱན་གོས་དག་གིས་བརྒྱན་པ་གཅིག
ཆ་ལུགས་རང་རིགས་སྲོལ་དང་མཐུན་པ་གཉིས།
ཇ་ཆང་སྟོན་མོའི་ས་རུ་རྩེད་འཇོ་གསུམ།
ཉ་མ་དེ་འདྲ་ཡོད་ན་ཀུན་དགའི་དཔལ།།
ཏ་རེ་ཏུ་རེ་ཁ་ཏོན་མི་འཆད་མ།
ཐ་རེ་ཐོ་རེ་གསར་འགྱུར་ཀུན་ཤེས་མ།
ད་བེ་དོབ་བེར་མི་ཚེ་རྒྱུན་འཁྱོངས་མ།
ན་མ་ནུར་གྱིས་བསམ་དོན་ཀུན་འགྲུབ་མ།།
པ་སངས་ཟླ་བ་སྐར་མ་མཁའ་ཡི་རྒྱན།
ཕ་མ་དགའ་མ་བུ་མོ་ཁྱིམ་གྱི་རྒྱན།
བ་སོ་དུང་དང་ཁ་བ་དཀར་པོའི་དཔེ།
མ་ལུས་ཨ་མ་དག་ལ་ཚང་ནས་ཡོད།།
ཙ་རེ་ཙོ་རེའི་ལས་ཀ་མང་བ་དང་།
ཚ་བེ་ཚུབ་བེར་ལས་བྲེལ་ཆེ་བ་དང་།
ཛ་རེ་ཛོ་རེའི་སྐད་ཆ་མང་ན་ཡང་།
ཝ་ལེར་སེམས་ན་ཡོད་པ་མཛའ་མོ་ཡིན།།
ཞ་ར་ཞ་བོར་གྱུར་ཀྱང་མི་འདོར་བ།
ཟ་དགའ་འཐུང་དགའ་ཆེ་ཡང་མི་འགོག་པ།
འ་ཅག་སྐྱེས་པ་དག་གི་བུད་མེད་གང་།
ཡ་མཚར་ལྷ་མོ་ཟེར་ན་དེ་ག་རང།།
ར་བེ་རིབ་བེའི་དེང་གི་དུས་ཚོད་འདིར།
ལ་མ་ལུང་གི་གནས་ཚུལ་མང་སོང་བས།
ཤ་འདྲེས་སེམས་འདྲེས་སོང་བའི་མཛའ་མོ་ཡང་།
ས་ས་སོ་སོར་སོང་བ་མངས་སོང་ཟེར།།
ཧ་ཧ་ཧེ་ཧེའི་གད་མོ་སྐྱིད་ན་ཡང་།
ཧ་ལས་ཧོན་ཐོར་ཆག་སྒོ་འཁྲིས་ན་ཡོད།
ཨ་རོགས་དགའ་རོགས་ཟུར་བསྟེན་བཟང་ས་ཚོ།
ཨ་ལ་ཚེ་གང་བཟའ་ཟླར་གཅེས་སྐྱོང་མཛོད།།
༢༠༢༤/༠༣/༠༨