བཀླགས་གྲངས། 998
སྤྲིན་ལམ་ནས་ཕུལ་བའི་གཞས་ཚིག་ཁག་གཉིས།
མཆོག་གསུམ།
བོད་མཁས་པའི་ཐོག་མ་ཐོན་མི་གཅིག
འཕྲུལ་ཡི་གེ་མཚར་པོ་དབྱངས་གསལ་གཉིས།
སྐྱབས་བསླུ་བ་མེད་པ་དཀོན་མཆོག་གསུམ།
འདི་གངས་ཅན་བོད་ཀྱི་གཅེས་ནོར་ཡིན།
ཚེ་འདི་ཕྱིའི་མགོན་སྐྱབས་བླ་མ་གཅིག
གྲོགས་གཞུང་བསྟེན་སྲུང་མ་དམར་ནག་གཉིས།
སྟོབས་ཆིག་སྒྲིལ་གཞི་མ་ཆོལ་ཁ་གསུམ།
འདི་བསྟན་སྲིད་འཛིན་སྐྱོང་རྒྱས་བྱེད་ཡིན།།
བོད་རིགས་ཞེན་དཀར་པོའི་འདུ་ཤེས་གཅིག
བློ་ཕྱི་ནང་ཤེས་ཡོན་འདབ་གཤོག་གཉིས།
དུས་འདས་མ་ད་གསུམ་མཐོང་བ་གསུམ།
འདི་མི་རབས་གསར་བའི་རེ་བ་ཡིན།།
གནམ་སྤྲིན་མཚོ་གསུམ།
གནམ་སྔོན་པོ་འདི་ལ་ཆགས་རེ་འཇོག
འདི་མཐའ་དབུས་མེད་པ་སྟོང་བའི་ཁམས།
རྗེ་བླ་མའི་ཐུགས་ཀློང་འདི་འདྲ་ཡིན།
འདིས་མི་ཚད་ཐུགས་རྗེ་དེ་ལས་ལྷག
སྤྲིན་དཀར་པོ་འདི་ལ་ཆགས་རེ་འཇོག
འདི་དཀར་འཇམ་བར་སྣང་མེ་ཏོག་ཐང།
དྲིན་ཕ་མའི་བྱམས་བརྩེ་འདི་འདྲ་ཡིན།
འདིས་མི་ཚད་བཀའ་དྲིན་དེ་ལས་ལྷག
མཚོ་སྔོན་པོ་འདི་ལ་ཆགས་རེ་འཇོག
འདི་སྔོ་ཞིང་དྭངས་པ་ས་ཡི་གདན།
མི་བཟང་པོའི་ཐུགས་བསྐྱེད་འདི་འདྲ་ཡིན།
དེས་མི་ཚད་སྲི་ཞུ་དེ་ལས་ལྷག།
༢༠༢༣/༠༣/༡༠ ལྕགས་བྱའི་ནང་ནས།