ཁ་བ་མཚོས།
བཀླགས་གྲངས། 1432
དུར་ཁྲོད། ཉིན་གྱི་མེ་ཏོག་ལྡུམ་ར།
ཁ་བ་མཚོ།
དགེ་འདུན་ཆོས་འཕེལ་གྱིས། སྲིད་པའི་འབྱོར་བ་ལ་ཁའི་ན་བུན། །
འདུས་པའི་གཉེན་གྲོགས་ཚོང་འདུས་འགྲོན་པོ། །
མ་ངེས་སྐྱིད་སྡུག་མདང་གི་རྨི་ལམ། །
བསམ་ཞིང་བསམ་ན་སྙིང་བོ་མི་འདུག །ཅེས་གསུངས་ཡོད།
དུད་ཁྲོད་འདི་བརྒྱུད་དུས། རྟག་པར་ཚིགས་བཅད་དེ་ཡིད་ལ་དྲན།
འཇིག་རྟེན་སྐྱིད་སྡུག་རིང་ཐུང་རེ་ལ།
སྐྱེ་རྒ་ན་འཆི་ཡོད་བར་བདེན་ཡང་།
ལ་ལས་ཕ་མ་ལྷ་བཞིན་བཀུར།
ལ་ལས་ཕ་མ་གདོན་ལ་བརྩི།
མཐོང་སྣང་རབ་རིབ་ཀྱི་སྣེ་མོ་ན།
ཕ་མ་བཀུར་མ་མྱོང་བ་ཞིག་གིས།
ཕ་མའི་བེམ་པོར་མེ་ཏོག་བཤམས་ཀྱིན་འདུག
ཤི་ཚར་བའི་རྗེས་སུ།
བེམ་པོའི་འགྲམ་ལ་མེ་ཏོག་སྣ་ཚོགས་བཤམས།
སྐྱིད་སྡུག་གི་སྐད་ཆ་ཅི་ཞིག་བཤད་ནའང་།
རྣམ་ཤེས་དུར་ཁྲོད་དེ་ན་ཡོད་དམ།
བདེ་བ་ཅན་དང་ལྷ་ཡུལ་ལ་ཕེབས་ཚར་བ་ཚོ།
ད་དུང་དུར་ཁྲོད་འདིར་ཡོད་དམ།
མེ་ཏོག་ལྡུམ་ར་འདི་བརྒྱུད་དུས།
ཉི་ཟེར་དང་ལྷན་དུ་གཡོ་བའི་མེ་ཏོག་གི་འདབ་མ་རེ་རེས།
ང་ཡི་སྣང་བ་འཁྲིད་ཅིང་།
བསམ་གཞིག་གི་ཀློང་དུ་འཁྲིད།
ཁུ་སིམ་དང་མེ་ཏོག་གི་ཚལ་འདིར་མིག་དང་སེམས་པ་གཡེང་།
དུར་ཁྲོད་འདི་བརྒྱུད་དུས།
གློག་འོད་དང་ལྷན་དུ་མེ་ཏོག་རེ་རེས་མགོ་འདར་བྱེད་དུས།
མེ་ཏོག་གི་གྲིབ་མ་རེ་རེས་ཀྱང་འཇིགས་དངངས་སྟེར་བ་མ་ཟད།
སྐར་མ་ལྔ་ཙམ་གྱི་ལམ་བུ་འདིར་ཆུ་ཚོད་ཕྱེད་ཙམ་དགོས་པ་འདྲ།
ཉིན་མོའི་མེ་ཏོག་གི་ལྡུམ་ར་འདི་མཚན་མོ་དུར་ཁྲོད་ཙམ་ཡང་མ་རེད།
ང་གཞུག་འདྲོགས་ལེན་གྱིན་ལེན་གྱིན་གོམ་ཁ་མགྱོགས་པོར་བླངས།