Back To Top

སློབ་གསོ་ཞིག་གི་སྣང་བརྙན།

སྙན་ངག་ཅིག

བཀླགས་གྲངས། 826

 

དེ་རིང་གནམ་གཤིས་ཧ་ཅང་གི་འཁྱག་པས།
མགོ་སེར་བརྒྱ་འདུས་སྟོང་འདུས་ཀྱི་འཚིག་ཇ་ཁང་ཞིག་ལ་སོང་ནས།
དུས་རྒྱུན་འཐུང་བར་མི་དགའ་བའི་འཚིག་ཇ་ཞིག་མངགས།
ཚིག་ཇ་དེ་ཁ་ལ་རེག་ཙམ་ནས་དུད་ནག་ཟེར་ན་འདི་འདྲ་ཡིན་རྒྱུ་རེད་བསམ།
ངས་ཨ་མས་བསྐོལ་བའི་ཕ་ཡུལ་གྱི་འོ་ཇ་ཞིམ་པོ་དྲན་ཞིང་།
འཚིག་ཇ་འཐུང་བ་ནི་ཉམས་ཅན་གྱི་འདྲ་པར་ཞིག་ལས་ཅི་ཡང་མིན་པ་ཤེས།
 
མི་མང་གྲོག་ཚང་བརྡོལ་པ་བཞིན།
མེ་འཁོར་ཨང་༡༤ པའི་ཕྱོགས་སུ་བཞུད། 
ངའང་མི་ཚོགས་ནང་ནུབ་ཀྱིན་ཁ་ལོ་བ་མེད་པའི་མེ་འཁོར་བཅུ་བཞི་བར་བསྡད། 
ངའི་མདུན་ཐད་ཀྱི་རྐུབ་སྟེགས་གཉིས་ཀར།
དཔེ་ཁུག་ཆེ་ཆེ་ཁུར་བའི་བྱིས་པ་ཆུང་ཆུང་གཉིས་བསྡད་སོང་། 
རྐུབ་སྟེགས་སྟེང་བསྡད་མ་ཐག་པར་ཆས་མེད་པའི་རྡོ་ཁ་པར་ཅིག་བླངས་ནས།
"ཨ་མ་ལགས། ང་མེ་འཁོར་རྗེས་ལུས་ཐེབས་མོད། ད་ཡོངགི་ཡོད། མགྱོགས་པོར་མཇལ་ཡོང་། བདེ་མོ་བྱོས། " ཟེར། 
 
སྐྲ་སེར་པོ་དང་མིག་ལྗང་ཁུ་ཡིན་པའི་བྱིས་པ་ཆུང་ཆུང་གཉིས།
གཅིག་ལས་གཅིག་སྙིང་རྗེ་ཞིང་ཡ་རབས་ཀྱི་སྤྱོད་པ་ཅན་གཉིས་རེད།
གཉིས་ཀས་དཔེ་ཁུག་གཅིག་ལས་གཅིག་ལྗིད་རེ་ཁུར་འདུག
མགྱོགས་པོར་དཔེ་ཁུག་ནང་ནས་དཔེ་ཆ་རེ་བླངས་ནས་བལྟས་སོང་།
གཅིག་གི་དཔེ་ཆ་ཆེན་པོ་ཞིག་དང་དཀྱིལ་བར་དུ་བཀླགས་ཚར་བའི་རྟགས་བརྒྱབ་འདུག
མི་རྒན་གཉིས་ལྟར་སེམས་རྣལ་དུ་ཕབ་ནས་དཔེ་ཆ་ཀློག་གི་འདུག
ཁ་པར་ཁོ་ན་ཐོགས་པའི་ང་ངོ་ཚ་ཞོར་ལྐོག་པར་ཞིག་བརྒྱབ།
 
ངེད་ཚོ་འབབ་ཚིགས་གཅིག་བརྒལ་ཙམ་ནས།
མེ་འཁོར་འཛིན་བྱང་ལ་ལྟ་མཁན་ཡོང་ནས།
ཁྱོད་བུ་གུ་གཉིས་ཀྱི་འཛིན་བྱང་གང་ཡོད་ཟེར།
བུ་གུ་གཉིས་ཀྱིས་ལམ་སེང་ཁུག་མ་བསྔོགས་ནས། 
མེ་འཁོར་འཛིན་བྱང་བསྟན་རྗེས་བསྐྱར་དུ་ཕྱིར་ཁུག་མ་ནང་བླུགས་སོང་།
ཡང་བསྐྱར་བློ་གཡེང་མི་བྱེད་པར་དཔེ་ཆའི་ནང་འཛུལ་སོང་།
 
གློག་བརྙན་ཡིད་འཕྲོག་ཅན་ཞིག་གི་ཁ་ཕྱེས་པ་ལྟར།
ང་ཕྲུ་གུ་དེ་གཉིས་ཀྱི་བྱ་སྤྱོད་ལ་ལྟད་མོར་གཡེང་ནས་ཡོང་།
འདིའི་རྒྱབ་ཀྱི་ཕ་མའི་སློབ་གསོ་དང་རྒྱལ་ཁབ་ཀྱི་སློབ་གསོར་བསམ་བློ་འཁོར།
ཕ་ཡུལ་གྱི་ཕྲུ་གུ་ཚོ་དང་ངས་མཐོང་བའི་བོད་ཀྱི་ཕྲུ་གུ་ཚོ་ཡིད་ལ་དྲན།
སྐྱབས་བཅོལ་བ་གཞན་དང་གཞན་གྱི་ཕྲུ་གུ་ཚོའང་ཡིད་ལ་འཁོར།
བྱིས་པ་འདི་གཉིས་སློབ་གསོ་ཞིག་གི་སྣང་བརྙན་རེད། 
བྱིས་པ་གཞན་དག་ཀྱང་སློབ་གསོའི་སྣང་བརྙན་ཤ་སྟག་ཡིན་ངེས།
 
༢༠༢༢/༡༡/༢༢ ལ།
2023-10-06 ཇག་ལྷ་དཀར་པོ།
ལྷུག་རྩོམ་ལེགས་པོ་རེད། བརྩམས་སྒྲུང་བྲིས་ན་ངར་ནི་ཅན་པོ་རེད་ཀོ་
2023-02-21 མྱི་ལྡང་།
2023-02-16 མྱི་ལྡང་།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།