Back To Top

རྒྱང་བཞུད་ཨ་སྐྱོ་བ།

ཁ་བ་མཚོས།

བཀླགས་གྲངས། 1144

ངོ་གདོང་ལ་གཉེར་མ་གོན་ཞིང་།
ཁ་ལྕེའང་བདེ་མོ་མེད་པའི་ཨ་མ་བགྲེས་མོ་ཞིག་གིས།
འདྲུད་ཁུག་དམར་ནག་ཅིག་དྲུད་ནས་ངའི་གམ་དུ་པང་བསྒྲིགས།
ངའི་མིག་མདའ་མཐོང་བ་དང་ངའི་གཅེས་ཕྲུག་མ་ཞེས་འབོད།
མོས་འཛུམ་མདངས་མ་གློད་པར་ཁྲོམ་རར་འཛུལ།
ང་ནི་མོའི་བྱིས་པ་ལྟར། སྐུ་སྲུང་མ་ལྟར།
ཡང་ན་མོ་ལ་རྗེས་འདེད་མཁན་གྱི་སོ་བ་ཞིག་དང་འདྲ་བར། 
མོའི་རྗེས་མ་གློད་པར་ཁྲོམ་ར་ཡོངས་རྫོགས་བསྐོར་ཏེ།
མོ་དང་ལྷན་དུ་སྒོར་བུད། མོས་གཅེས་ཕྲུག་མ་བདེ་མོ་བྱོས་ཟེར།
མོའི་ངའི་ཡོད་ཚད་ཁྱེར་ཏེ་གཡོན་གྱིན་གཡོན་གྱིན་ཕེབས་སོང་། 
ཨ་མ། ཨ་མ།

ཨ་མ། ཨ་མ།
མོག་མོག་རབ་རིབ་ཀྱི་ས་སྲོད་དེའི་རབ་ཁ་ནས།
རྨི་ལམ་ལ་མཚོན་མདོག་སྤུད་མཁན་གྱི་རྒྱང་བཞུད་ཨ་སྐྱོ་བ།
རང་གི་རྡོག་སྒྲར་རང་གི་རྣ་བ་གླན་བཞིན།
སེམས་རྩའི་དྲོད་ཀྱིས་གསོས་པའི་མདའ་མོ་དེ
འཚོ་བའི་མངོན་ལྐོག་གཉིས་ཀྱི་བར་མཚམས་ལ་བསྲིངས།

ཤ་མདངས་སེར་པོ་དང་ནག་པོ།
དཀར་པོ་སོགས་འབར་རྡེའུ་བཀྲམས་པའི་གླིང་ཀ་དེར།
བྱིས་པ་འགས་མེ་ཁུ་རྗ་སིན་གྱི་གཞས་འཁྲབ་ཀྱིན་འདུག
རྐུབ་གཡུག་གིན། ངོ་གཉེར་གྱིན། ཆགས་ཉམས་རེ་སྟོན་ཁུལ་བྱེད། 
ཆགས་ཉམས་དང་གཞས་གདངས་ཡོད་ཚད།
འབའ་རྡེའུ་བསྒྲིགས་པའི་སྣང་ཚུལ་ཙམ་རེད།

མོག་མོག་རབ་རིབ་ཀྱི་སྐྱ་མདའ་འགྱོགས་ཁ་དེར།
རྨི་ལམ་མཚོན་མདོག་ཤོར་བའི་རྒྱང་བཞུད་ཨ་སྐྱོ་བ།
རང་གི་རྡོག་སྒྲར་རང་གི་རྣ་བ་གླན་བཞིན།
རྔུལ་ཆུའི་ཐིགས་པ་རེ་རེ།
ག་ལེར་ག་ལེར་མི་ཡུལ་དུ་གཏོར།

༢༠༢༣ལོའི་ཟླ་ ༠༩ པའི་ཚེས་ ༢༤ ཉིན།

2023-09-28 གསལ་ལེ་རྒྱལ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།