Back To Top

ལོ་སར། ཨ་མ་ཧ་ཅང་དྲན་པའི་ཉིན་མོ།

རྟེན་འབྲེལ་ཐམས་ཅད་ཀྱི་དང་པོ་འབྲུ་ཤུག་རྩེ་བརྒྱ་བ།
གཡང་མོ་བལ་དཀར་གྱི་རྩེ་རྒྱན་དང་ལྷན་དུ།
གཡང་མདའ་དར་ཚོན་གྱི་རྟེན་འབྲེལ་བསྒྲིགས་དུས།
འབྲི་མོ་དུང་ཆུང་དཀར་མོའི་འོ་མའི་ཕབ་ཇ།
མཁར་ཟངས་བཀྲ་ཤིས་རྟགས་བརྒྱད་མར་བསྐྱིལ་མཁན་གྱི།
གནམ་འོག་གི་ཨ་མ་བྱམས་བརྩེ་ཅན་རྣམས། ལོ་སར་བཟང་།

---ཁ་བ་མཚོས།

བཀླགས་གྲངས། 343

རྟ་མཆོག་རྒོད་པོའི་འཚེར་སྐད་ཀྱིས་ཚེས་པའི་ལོ་གསར་བ།
ཅི་བསམ་དོན་འགྲུབ་ཀྱི་སྨོན་ལམ་དང་བསྡོངས་ནས།
ས་མཐའི་གྲང་ངར་གྱི་ནམ་མཁའ་ལ་སླེབས་དུས། 
ཨ་མ་ལགས། ལོ་སར་བཟང་།
ཕ་ཡུལ་ལགས། བཀྲ་ཤིས་བདེ་ལེགས།

ཕ་ཡུལ། རྟ་རྒྱུག་རྒྱལ་འཇོག་གི་ལོ་རྒྱུས་རིང་པོ་ཅན།
རྟ་རྒྱུག་ཆེ་ཆུང་གི་འདུ་འཛི་ཚ་བོ་ཅན།
བཙན་པོའི་དམག་རྟ་ཁྲི་འབུམ་གྱི་ཆོལ་ཁ།
ངའི་ཕ་ཡུལ། ལོ་སར་བཟང་།

ཨ་མ། སྐྱིད་སྡུག་ཁྲི་འབུམ་གྱི་མི་ཚེ་རིང་བོ་ཅན།
བུ་ཕྲུག་གཉོར་སྐྱོང་གི་ལས་བྲེལ་ཚ་བོ་ཅན།
བུ་མོ་ངའི་ཚེ་སྲོག་གི་སྐྱོར་མ་དྲིན་མོ་ཆེ།
ཨ་མ། ལོ་སར་བཟང་།

ལོ་སར། ཕ་ཡུལ་ཤིན་ཏུ་དྲན་པའི་དུས་ཚིགས།
ལོ་སར། ཨ་མ་ཧ་ཅང་དྲན་པའི་ཉིན་མོ།
ཨ་མ་དགུང་ལོ་བརྒྱད་ཅུ་ཏག་ཏག་ལ་བུད་པའི་ལོ་སར། 
ཨ་ཁུ་བྱམས་བརྩེ་ཅན་པོའི་ལོ་སྙིང་ལ་འཁེལ་བའི་ལོ་སར།
རྟ་མཆོག་བསམ་པའི་དོན་འགྲུབ་ཀྱི་འཚེར་སྐད་ཀྱིས་ཚེས་པའི་ལོ་སར། 
བཀྲ་ཤིས་བདེ་ལེགས། བསམ་དོན་ལྷུན་འགྲུབ།

 སྤྱི་ལོ་ ༢༠༢༦ /༠༢/༡༧ བོད་རབ་རྒྱན་མེ་ཕོ་རྟ་ལོའི་ཨ་མདོའི་ལོ་སར་ཚེས་གཅིག

2026-02-19 ཇག་ལྷ་དཀར་པོ།
2026-02-17 གསལ་ལེ་རྒྱལ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།