Back To Top

མགྲོན་པོར་སྐྱེལ་མ་ཞུ་བ། 

ལོ་རྙིང་གི་དགུ་རྫོགས་དང་ལྷན་དུ་ངས་མགྲོན་པོ་ཨུ་ཚུགས་ཅན་ཞིག་སྒོར་དེད་ཡོད།

བཀླགས་གྲངས། 1009

མགྲོན་པོར་སྐྱེལ་མ་ཞུ་བ།

ཁ་བ་མཚོ།

ས་མཐའ་ནས་ལོ་དང་ཟླ་བ་སོང་ཡང་།

 རང་ཁྱིམ་ཞེས་པ་ཞིག་མ་རྙེད།

ཡིན་ནའང་། མ་བོས་མགྲོན་པོ་ཞིག་གིས་ལོ་ངོ་བཞིའི་རིང་ངའི་རྗེས་སུ་བསྙེག 

ཤ་དང་མོག་མོག ཤིང་ཏོག་དང་སྔོ་ཚལ།

ད་དུང་འཕྲུལ་ཐང་དང་རྡོ་ལས་ཕི་ཝང་(Doliprane)། 

ང་ལ་ཡོད་ཚད་ཕུལ་ཟིན།

 

ང་ལ་བརྩེ་བ་ཧ་ཅང་ཆེ་བའི་མགྲོན་པོ་དེས།

མི་མངོན་མི་གསལ་བའི་ཚུལ་གྱི་ང་ཟ་རྩིས་བྱེད་ཀྱི་འདུག

ཚ་བ་འཕར་ཞིང་རྔུལ་ཆུ་བཞུར། 

མགོ་བོ་གཟེར་ཞིང་གྲོད་ཁོག་ཀྱང་ན།

 

ངའི་ཐབས་ཤེས་ཡོད་ཚད་ཚར་ཏེ།

ངལ་དུབ་ཀྱི་མལ་དུ་ཟགས་དུས། 

རིན་ཆེན་མང་སྦྱོར་ཆེན་མོ་རེ་ཕུལ་ན། 

གཞི་ནས་སྒོར་འཕུད་ཐུབ་ཀྱི་འདུག

 

ལོ་ངོ་བཞིའི་རིང་གི་ངའི་མགྲོན་པོ་རྙིང་བ།

རྒྱ་ལྷ་བཅུ་དགུ་བ། བདེ་མོ་བྱོས།

ད་ནི་ངའི་རིན་ཆེན་མང་སྦྱོར་ཡང་ཚར་སོང་།

ངའི་ཡོད་ཚད་ཁྱོད་ལ་ཕུལ་ཚར་ཡོད།

 

ལོ་ལོན་གྲངས་མེད་ཅིག་གི་ཚེ་སྲོག་དང་།

ནད་པ་གྲངས་མེད་ཅིག་གི་ཁྲག་དྲོན་གྱིས། 

ཁྱོད་ཀྱི་བུ་རབས་ཚ་བརྒྱུད་དང་བཅས་པ་གསོས་ནས།

ཁྱོད་ཀྱང་ཚ་བོ་ཚ་མོས་བསྐོར་ཡོད།

དགུ་རྫོགས་ཀྱི་ཁྱིམ་ཕྱགས་དང་ལྷན་དུ།

ཁྱོད་ཕྱིར་ཡོང་མེད་པར་ཤོག

2023-03-07 ཇག་རྒྱལ་གཡུལ་ལྷ་ཐོག་འགྱེད།
བཀླགས་ཟིན།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།