Back To Top

སྙན་དེབ་ར་མདའ་བའི་རྒྱབ་ཀྱི་ཀ་བའི་མདུང་མོ་ཆེ།

བཀླགས་གྲངས། 1276

ཤེད་བུས།

----འཕྲིན་གྲོགས་ཕག་མོ་རྡོ་རྗེའི་སྙན་ངག་གཉིས་བཀླགས་རྗེས།

    ཉིན་ཤས་སྔོན་འཕྲིན་གྲོགས་ཁོང་གིས་ང་ལ་ཁོང་གི་སྙན་དེབ་གཉིས་པ་<>བཙས་སྟོན་གྱི་ཤིས་ཚིག་ཅིག་འབུལ་རོགས་ཟེར། ང་ལ་དེབ་ངོ་སྤྲོད་དང་ནང་གི་སྙན་ངག་འགའ་སྐུར་བར་བསྐུལ་བ་ཡིན། མང་ཆེ་བ་སྙན་ངག་དང་ལྷུག་རྩོམ་འགའ་ཤས་ཀྱིས་གྲུབ་ཡོད་ཟེར། དེ་ཙམ་གྱིས་ངས་ཅི་ཡང་མཐོང་གི་མི་འདུག ངས་ཁ་བཏགས་ཤིག་གང་ནས་གང་ལ་འཐེན་དགོས་པའང་མི་ཤེས་ཀི མུན་པ་སྟུག་པོའི་ནམ་མཁའ་རུ་སྐར་མ་ཁྲ་སིབ་བེར་ཤར་བའི་སྣང་བ་ཙམ་ལས། ངས་མཐོང་འདོད་ཀྱི་ཉ་གང་བའི་ཟླ་བ་དང་ཚེས་རི་སྣང་གི་མི་འདུག
     ཡིན་ནའང་། དེབ་ནང་གི་སྙན་ངག་གཉིས་ང་ལ་བསྐུར་སོང་། ངས་སྙན་ངག་དེ་གཉིས་ཐེངས་བཅུ་གྲངས་ཤིག་ལ་བཀླགས་པ་ཡིན། བཀླགས་ནས་མི་ཚར་བ་དང་བཀླགས་ཐེངས་རེ་ལ་ཚོར་བ་རེ་སྟེར་བ་ནི། སྙན་ངག་གི་དྲག་རྩལ་གྱི་བླ་ན་མ་མཆིས་པའི་ཁམས་ཡིན། ཐེངས་བརྒྱ་ལ་བཀླགས་ནའང་བརྗོད་བྱ་འདི་རེད་ཅེས་གཏན་འཁེལ་མི་ཐུབ་པའང་སྙན་ངག་གི་གོང་ན་མ་མཆིས་པའི་བསླུ་བྲིད་དམ་སྒྱུ་རྩལ། ཡང་ན་མཚོན་ཐབས་ཀྱི་རྩལ་རེད། ཚད་གཞི་འདིར་སླེབས་དུས་ད་གཟོད་སྙན་ངག་ཅེས་བརྗོད་འོས་པ་ལས། ཐ་སྙད་ཆེན་པོའི་ཚོགས་པ་དང་སྐྱོ་སྡུག་གི་གཅིན་སྐྱག་བཞུར་བ་ཡོད་ཚད་ལ་སྙན་ངག་ཅེས་བསྙད་ན། དེ་ནི་སྙན་ངག་ལ་བསྟན་བཤིག་བྱེད་སྟངས་ཤིག་ལས་ཅི་ཡང་མ་རེད། སངས་རྒྱས་ཤཱཀྱ་ཐུབ་པས། ང་ཡི་བསྟན་པ་ཟབ་མོ་འདི། །གཞན་གྱིས་འཇིག་པར་མི་ནུས་ཏེ། །ང་མིན་ང་འདྲ་ཞིག་གིས་བཤིགས། །ཞེས་གསུངས་པ་ལྟར། སྙན་ངག་གི་རིན་ཐང་དང་ཁམས་ཀྱང་སྙན་ངག་འདྲ་བ་དེ་ཚོས་བརླག་གིན་ཡོད། དེང་སྐབས་སྙན་ངག་གི་བསྟན་བཤིག་ཚོས་སྙན་ངག་པའི་མིག་བྱང་ཁུར་ནས་འཇིག་རྟེན་བསྐོར་བ་ཐལ་ཆེ་བས། ཕག་མོ་རྡོ་རྗེ་ལགས་ཀྱང་སྙན་ངག་གི་བསྟན་བཤིག་ཅིག་ལ་མི་འགྱུར་བའི་རེ་བ་སྙིང་ནས་ཆེ།
     ཞར་ནས་གསལ་བཤད་བྱེད་འདོད་པ་ཞིག་ནི། ཐ་སྙད་ཆེན་པོའི་ཚོགས་པ་དང་སྐྱོ་སྡུག་གི་གཅིན་སྐྱག་བཞུར་བ་ཞེས་པའི་བརྡ་ཆད་འདི་གཉིས་ཡིན། དེང་སྐབས་ཅིག་ཉིག་ལ་ཞིབ་འཇུག་ཅེས་ནང་ཆོས་ཀྱི་ཐ་སྙད་མཁྲེགས་པོ་ཚོ་རྡོ་ཆག་བཙན་བསྒྲིགས་ཀྱི་དུས་ཚོད་ཅིག་ཡིན་པ་མ་ཟད། རང་གི་བླ་མ་ལ་སྐྱབས་རྗེ་བཏགས་ནས་མཁོ་མ་སོད། སྐྱབས་མགོན་གསོལ་ཡང་མགུ་སེམས་མ་ཁེངས་པར་ཐུབ་པ་དང་སྟོན་པས་བསྟོད་པ་དང་། མི་སྐྱ་ཚོ་ལའང་སྲིད་གཞུང་དང་སྒོར་མོས་དབང་བསྒྱུར་བའི་སློབ་གྲྭའམ་སྒྲིག་འཛུགས་དང་། ཚོགས་པ་ཚོས་ཐེལ་གྱིས་མནན་པའི་རབ་འབྱམས་པ་དང་། ཞིབ་འཇུག་པ། འབུམ་རམས་པ་སོགས་ཀྱི་མིང་སྟོང་དག་བཏགས་མིང་ལས་བརྒལ་ཏེ། དངོས་མིང་དང་སྐྱེས་མིང་ལ་ཨེ་འགྱུར་འབད་ཀྱིན་པ་མ་ཟད། དེ་དག་གི་ཞེན་མི་གླེན་ནག་ཚོས་དེ་དག་ལ་མཁས་པ་བཏགས་ནས་མཁོ་མ་སོད། མཁས་དབང་བཏགས་ནས་མགུ་མ་ཁེངས་པར་ཉི་ཟླའི་དཔེ་ལ་སྦྱར་ནས་ཐ་སྙད་ཆེན་པོའི་ཚོགས་པ་བསྒྲིགས་ཏེ་སྙན་ངག་བྲིས་པར་རློམ་པ་མ་ཟད། དེ་དག་གི་བསྟན་པ་དར་རྒྱས་ཀྱི་སྐབས་ཤིག་ཡིན་པས། ཐ་ཚིག་དེ་འདྲ་ཞིག་དབང་མེད་དུ་ཐལ་སོང་།
   སྐྱོ་སྡུག་གི་གཅིན་སྐྱག་བཞུར་བ་ཆེས་བྲིན་ས་ནི། རྨོངས་པའི་སྤྱི་ཚོགས་ཡིན། ད་ལྟའི་བར་དུ་དེ་ལ་རྩོམ་ཞེས་པའི་ཐ་སྙད་སྦྱར་མྱོང་མེད། གཅིན་སྐྱག་སུས་ཀྱང་གཏོང་བ་ལྟར་སྐྱོ་སྡུག་གི་གཅིན་སྐྱག་སུས་ཀྱང་གཏོང་བ་མ་ཟད། ར་རྫི་ལུག་རྫི་ཚོ་རབ་ཀྱི་དང་པོ་ཡིན། དཔེར་ན། བོད་ཀྱི་ལ་གཞས་ཀྱི་བརྒྱ་ཆའི་བརྒྱད་ཅུ་དྲན་སྡུག་རྨོངས་གསུམ་གྱིས་བཟུང་བ་ནི་དཔེ་མཚོན་དང་གསལ་བཤད་ཡག་ཤོས་རེད། དབང་བོ་རབ་ཀྱི་རྩེད་མོ་བ་རྣམས་ནི་ཟབ་མོ་སྟོང་བ་ཉིད་དམ་གནས་ལུགས་མཐར་ཐུག་གི་དེ་ཉིད་མཐོང་བ་ན་མིག་གི་མཆི་མ་འཁྲུགས། ཡིད་ཀྱི་དང་བ་གཡོ་བ་ནི། ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོས། སྟོན་པ་དེ་ཡི་ཚངས་དབྱངས་ཀྱིས། །འདི་ནི་འདི་ལྟར་གསུངས་སྙམ་དུ། །ཡིད་ལ་ཐུབ་པའི་གཟུགས་བརྙན་ནི། །ཤར་བ་ཙམ་ཡང་ཚ་བ་ཡིས། །གདུང་ལ་ཟླ་ཟེར་བཞིན་དུ་སྨན། །ཞེས་གསུངས་པ་ལྟར་ལགས།
དབང་པོ་རབ་དང་འབྲིང་གི་ཤེས་པ་ཅན་རྣམས་ནི་སྙན་ངག་གི་སྒྱུ་རྩལ་གྱི་ཁམས་མཐོང་བ་ལས་ཡིད་གཡོ་ཞིང་དབང་བོ་སྐྱོམ་པ་ཡིན། བཤད་སྟངས་གཞན་ཞིག་ནས་བཤད་ན་རྩོམ་ཡག་པོ་ཞིག་གི་འཕྲིན་ལས་དར་བའི་རྩེར་སོན་དུས་ནི། ཁྱོད་ཀྱི་ཚེ་ཕྱི་མ་ཡིན་པ་ལས་ཚེ་འདི་གཏན་ནས་མིན། ཉེ་རབས་ཀྱི་དཔེ་ཞིག་ནས་བལྟས་ན། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྩོམ་གྱི་འཕྲིན་ལས་ཀྱང་ཁོང་གྲོངས་པའི་རྗེས་སུ་དར་མགོ་ཚུགས་ཡོད། བཀླགས་པ་ཙམ་གྱིས་བློར་ལྷུང་བའི་སྡེབ་སྦྱོར་གྱི་རྩལ། བསམ་ཞིང་བསྔོགས་ན་མུ་མཐའ་བྲལ་བའི་ཟབ་རྒྱས་ཀྱི་ཆ། རིགས་པས་དེད་ན་འགལ་ཟླ་མེད་པའི་ཞིབ་ཚགས་དང་གཏན་ཚིགས། ཚོར་བས་མྱངས་ན་ཟུག་རྔུ་འཁྱིལ་བ། སྒོ་མཐའ་ཡས་བ་གང་ནས་འཛུལ་ཡང་གཞལ་མེད་ཀྱི་ཁང་བཟང་ཆེན་པོ་ཞིག་གི་སྣང་བ་ངང་གིས་འཁོར་བའི་ཁོང་གི་གསར་རྩོམ་གྱི་འཕྲིན་ལས་ཀྱང་དེ་ཙམ་འཕྱི་ན་གཞན་དག་ལ་ལྟ་ཅི། སྙན་ངག་ངོ་མའི་འཕྲིན་ལས་དར་འཕྱི་བ་ནི། མི་ཐམས་ཅད་ཐམས་ཅད་མཁྱེན་པ་ལྟ་ཅི་ཤེས་རབ་ཅན་དང་ཐོས་པ་ཅན་ཡང་མིན་པར་ཐུག་ཡོད།
དྲན་སྡུག་རྨོངས་གསུམ་གྱི་འགྲེལ་བཤད་དམར་རྗེན་མ་མིན་ན་རྨོངས་པའི་སྤྱི་ཚོགས་ཀྱི་མཆི་མ་དཀྲུག་མི་ཐུབ་པས་དེང་སང་གི་སྙན་ངག་དང་གླུ་ཚིག་ཡོད་ཚད་ཀྱིས་དེའི་ཁ་ཕྱོགས་འཛིན་གྱིན་པའི་སྣང་ཚུལ་ཞིག་འདུག དེ་ནི་ཁེ་གཉེར་ཚོང་ལས་བ་ཚོས་ཅ་ལག་བཟོ་སྟངས་ལས་སྒྱུ་རྩལ་དོན་དུ་གཉེར་སྟངས་ཤིག་དང་། ཤེས་རབ་དོན་དུ་གཉེར་སྟངས་ཤིག་མ་རེད། དེ་ལ་སྙན་ངག་གིས་སྙན་ངག་ཁམས་འཛིན་མ་ཐུབ་པར་སྐྱོ་སྡུག་གི་གཅིན་སྐྱག་བཞུར་བ་ཟེར།
མདོར་ན། ངས་ཁོང་གི་སྙན་ངག་གཉིས་ཡང་ཡང་བཀླགས་པ་ལས། བརྗོད་བདེ་བ། བརྗོད་བྱ་ལ་རྐྱོང་སྐུམ་བྱེད་ཆོག་པ། ཐ་སྙད་ཆེན་པོ་དག་མགོ་སྦྲེལ་བྱས་མེད་པ་གསུམ་གྱི་ཁྱད་ཆོས་ལྡན་པས། བཀའ་དྲིན་ཆེ། སྙན་ངག་པ་ལགས། ཁ་ཕྱོགས་ནོར་མི་ཉན། སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས། །ངག་གི་རང་བཞིན་མེ་ལོང་ཐོབ། །དེ་དག་ཉེ་བར་མི་གནས་ཀྱང༌། །དེ་ཉིད་ཉམས་པ་མེད་ལ་ལྟོས། །ཞེས་སྙན་ངག་གི་སྙན་གྲགས་ཉམས་པ་མེད་པར་གསུངས་པ་ཚེ་ཕྱི་མ་ལས་ཚེ་འདི་མིན། དེ་ལས་གཞན་དུ། རྗེ་ས་པཎ་གྱིས། མཁས་པ་མཁས་པའི་ནང་ན་མཛེས། །བླུན་པོས་མཁས་པ་ཇི་ལྟར་གོ། །ཞེས་གསུངས་པ་ལྟར་བླུན་པོས་གོ་བ་ནི་མཁས་པའི་ངག་ཀྱང་མིན་ན་སྙན་ངག་དེ་བས་ཀྱང་ཡིན་མི་སྲིད་དོ། །

གོང་གི་བསམ་ཚུལ་འདི་ཤེད་བུའམ་བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས་ལས་བྲེལ་ཆེན་པོའི་བར་གསེང་ནས་གང་འདོད་དུ་བྲིས་པས། གོང་གི་ལུང་འདྲེན་རྣམས་ཀྱང་ཡིད་ཐོག་གི་ཚིག་ཙམ་ལས་ལུང་དངོས་ལ་ལྟ་ལོང་མ་བྱུང་བས་ནོར་བ་ཡོད་སྲིད་ན། གཞན་དུ་ཁ་འཕངས་མི་གནང་བར་ཞུ།
སྤྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡༤ ཉིན།

2024-01-04 ཇག་ལྷ་དཀར་པོ།
ཇག་དཔོན་ཞིག་གི་ཇག་གཏམ་དོག་གོ་ལོས་ཡིན་བསམ་པ་ཞིག་བྲིས་འདུག་ག

2023-12-15 རིག་པ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།