བཀླགས་གྲངས། 1147
ཤེད་བུས།
གངས་དཀར་པོའི་རྩིས་རབས་རྫོགས་མཐའ་མེད། །
ངས་མགོ་ནས་གླེང་ངམ་མཇུག་ནས་གླེང་། །
མགོ་སྤྲིན་དཀར་མཁའ་ལ་འཕྱོ་འཕྱོ་ཡིན། །
གནམ་སྔོན་མོར་ཐུག་གི་བསྐལ་བ་མེད། །
མཇུག་འཁོར་བ་འཁོར་ནས་ཚར་དུས་རེད། །
མཐའ་མེད་པའི་འཁོར་བ་ནམ་ཞིག་སྟོང་། །
ལོ་ད་ལོ་ཤིང་ཕོ་འབྲུག་གི་ལོ། །
ལོ་མ་སར་སྔོན་ནས་འབྲུག་ལྟར་གྲགས། །
ཡོས་ཁུང་བར་འཛུལ་བ་སྔ་ཐལ་ལམ། །
ལས་རྟེན་འབྲེལ་བརྟག་སྐལ་མ་ལྡན་ཟེར། །
སྔོན་བསྐལ་བ་དུས་ཚོད་ཡག་པའི་སྐབས། །
རྗེ་རྒྱལ་བློན་ཉི་ཟླ་ཆ་འཛོམས་སྐབས། །
རི་པོ་ཏ་ལ་ཡི་རྩེ་མོ་ནས། །
དགུ་འཆམ་ནི་སྤྲིན་ནག་འཁྲིགས་འཁྲིགས་བྱེད། །
དགུ་གཏོར་ནི་འུར་རྡོ་འཕེན་འཕེན་བྱེད། །
དུས་དེངས་སང་དེ་དག་སྒྲུང་རབས་རེད། །
སྒྲུང་བཤད་ན་མིག་མཐའ་མཆི་མ་རེད། །
རི་ཧི་མ་ལ་ཡི་ཕར་ཚུར་ནས། །
སྟོང་སང་སང་ལོ་སར་རོལ་དུས་འདིར། །
ལྟོ་ཕོར་བ་གང་གི་རྩོད་གླེང་གིས། །
གནམ་བཀད་ཐལ་ལབ་ན་མི་རློམ་ཡང་། །
དྲ་བཀང་ཐལ་སྨྲས་ན་ཐལ་ཆ་མེད། །
བོད་ཕྱི་རབས་ཞེ་རྩ་བདེ་ནི་ཞིག །
བོད་དྲ་འབུའི་འུར་ཁ་ཆོད་ནི་ཞིག །
ང་རྒད་པོས་་ཤོད་ཁ་དཀའ་ན་ཡང་། །
བོད་སྐར་རྩིས་རྒན་པོའི་བཤད་སྲོལ་ལ། །
རྩིས་ཆད་པ་བྱུང་ན་སྔོན་མ་དང་། །
རྩིས་ཐོལ་བ་བྱུང་ན་ཕྱི་མ་ཡིན། །
དགུ་སྒོར་སེ་ཆད་པའི་ཆད་སྟོང་ཡང་། །
བརྒྱད་ཟུར་གསུམ་ཚང་གི་ཟུར་ན་ཡོད།
རྩིས་ཆད་ཐོལ་མང་པོའི་ཧོར་རྩིས་འདི། །
སྤྱིར་འཛམ་གླིང་སྤྱི་རྩིས་ག་ལ་མཐུན། །
སྒོས་ཡ་གླིང་རྩིས་ལའང་མི་མཐུན་མོད། །
དབྱར་སྟོན་དཔྱིད་ནམ་ཟླར་ཐུག་པོ་ཡོད། །
བོད་ཁ་བ་ཅན་ལ་འཕྲོད་པོ་ཡོད། །
གངས་ཕྲེང་བའི་དཀྱིལ་གྱི་ཁ་བ་ཅན། །
སྤྱིར་གཤེན་རབ་མི་བོའི་གཡུ་ཕྲེང་ཡིན། །
སྒོས་ཤཱཀྱ་ཐུབ་པའི་གསེར་ཕྲེང་ཡིན། །
གཡུ་སྔོན་མོའི་བླ་སྲོག་གངས་ཀྱིས་བཟུང་། །
གསེར་སེར་བོའི་འོད་ཀྱང་གངས་ནས་འཕྲོ། །
དགུན་རྒྱ་སྟག་འདྲ་བོ་ངེར་ནས་ཡོང་། །
གངས་དཀར་པོས་དར་དཀར་སློག་པ་མནབས། །
དབྱར་ཕ་མ་འདྲ་བོ་འཇབ་ནས་ཡོང་། །
རྫ་མཐོན་པོས་དར་ལྗང་དོར་མ་གྱོན། །
དབྱར་སྟོན་དཔྱིད་ནམ་ཟླའི་གཤིས་ཀ་གསལ། །
འདི་ཚ་བའི་ཡུལ་དང་འདྲ་ལེ་མིན། །
འདི་གྲང་བའི་ལུང་བར་རིགས་ལེ་མིན། །
དུས་བཞི་བོའི་འགྱུར་བག་རྒོད་པོ་ཡིན། །
དུས་ནམ་རྩིས་གསལ་བོ་བོད་ལ་དགོས། །
ཆུང་བྱིས་པ་བཙས་ན་བཙས་སྟོན་ཡོད། །
རྒན་སྐུ་ཚེ་རིང་ན་གྱ་སྟོན་ཡོད། །
གནས་དང་པོར་འགྲོ་དུས་བག་སྟོན་ཡོད། །
སྐྲ་མནོལ་བ་བཞར་དུས་མནོལ་སྟོན་ཡོད། །
རྗེ་ཁྲི་སར་འགོད་དུས་ཁྲི་སྟོན་ཡོད། །
དབྱར་དགག་དབྱེ་བྱེད་དུས་དབྱར་སྟོན་ཡོད། །
ལས་གང་བྱས་དང་པོར་རྟེན་འབྲེལ་བསྒྲིགས། །
དེ་རེ་རེར་རྩིས་ཀྱི་བརྟག་པ་ཡོད། །
རྩིས་བརྟག་པ་ཡགས་ན་རྣམ་རྟོག་མེད། །
སེམས་རྣམ་རྟོག་མེད་ན་ལས་དོན་འགྲུབ། །
དོན་དེའི་ཕྱིར་རྩིས་ལ་གསལ་ཆ་དགོས། །
རྩིས་ཡག་ཉེས་བརྟག་ཐལ་ཤོར་ན་ཡང་། །
སྐྲ་བཞར་ཉིན་ཙམ་ལ་ཟླ་བ་འགོར། །
དེའི་རིགས་ནི་རྣམ་རྟོག་བདག་པོ་ཡིན། །
ནད་གོད་ཁས་བདའ་ཞིང་འདེད་པ་འདྲ། །
རྩིས་སྣང་མེད་བྱེད་ཐལ་ཆེ་ན་ཡང་། །
རུ་སྡེ་བའི་རྟེན་འབྲེལ་བརྫོགས་ཉེན་ཆེ། །
སྡིགས་དམོད་མོ་དབར་ནས་ཐར་བར་དཀའ། །
བོད་ཕྱི་རབས་རྩིས་ལ་ཞིབ་མོ་བྱོས། །
སེམས་རྣམ་རྟོག་འཕྲོ་འདུ་ཉུང་ཉུང་བྱོས། །
སེམས་དྲན་རིག་གྲིམ་ཤ་རུག་རུག་བྱོས། །
གངས་ལོ་རེ་བསྡད་ཀྱིན་ཇེ་མཐོ་རེད། །
གངས་དཀར་པོའི་འདབ་ཁ་ཟད་ཀོ་ཀི །
དཔེ་གན་ན་འདྲ་བའི་བོད་པ་ཚང་། །
མགོ་སྦྲ་ནག་བོར་ནས་ལོ་འགའ་རེད། །
མཁར་ཁང་བའི་སྤུས་ཀ་འགྲན་གོ་གི །
ཕྱི་བལྟས་ན་ལྷ་ཁང་གསེར་ཁང་རེད། །
དེ་ཡོད་ཚད་ཤོག་བུ་བླུགས་མ་རེད། །
མཁར་ཤོག་བུས་བཟོས་ན་མི་སྐྱོན་ཡང་། །
མྱི་ཤོག་བུར་འགྱུར་དུས་སྐྱོ་བ་ཆེ། །
ལས་སྐབས་བབ་བོད་ཀྱི་དགུ་ཐུག་ཡིན། །
གནའ་དེངས་མའི་མེས་པོ་དད་པ་ཅན། །
ལས་ཅི་བྱས་ཆོས་དང་བསྟུན་ནི་ཚོས། །
ཆོས་ཟབ་མོའི་ཆོ་ག་ལྡན་ནི་གཅིག །
ལྟོ་གྲོད་ཁོག་སྟོབས་ཀྱིས་བརྒྱགས་ནི་གཉིས། །
ཁྱིམ་བཟའ་ཚང་དགོད་སྒྲ་མཐོ་ནི་གསུམ། །
གནད་རྩ་བར་བཟུང་ནས་དགུ་ཐུག་བསྐོལ། །
ལོ་ཟླ་སྐོར་བཅུ་གཉིས་རྫོགས་མ་ཐག །
ཉིན་སུམ་བརྒྱ་དྲུག་ཅུ་ཚར་མ་ཐག །
ཤུག་བསད་དུད་སྔོན་མོ་ལྷོག་ལྷོག །
སྦུབས་རྔ་སིལ་འུར་སྒྲ་ལྡིར་རི་རི། །
རྒྱ་ནག་པོའི་སྐེག་ཟློག་ཆ་ཆ་ཆ། །
བགེགས་སྟོང་ཕྲག་བརྒྱད་ཅུ་གད་སྙིགས་ལྟར། །
གླུད་ནག་པོ་མཉམ་དུ་མར་ལ་གཡུགས། །
འདི་དགུ་ཐུག་ཆོས་དང་འབྲེལ་ལུགས་རེད། །
བོད་གོས་ལྭའི་ནང་གི་རྒྱ་བྱིས་ཚོར། །
སྲོལ་འདི་འདྲ་བཤད་ན་སྒྲུང་ཞིག་རེད། །
སྒྲུང་གོ་ལེ་ཡོད་ཀྱང་སྒྲུབ་ལེ་མིན། །
རྒྱ་ནག་པོའི་ཁོག་མ་ཁ་ཚ་མ། །
ཁར་བླངས་མ་ཐག་ཏུ་ལྕེ་ལ་ཚ། །
ཁོག་སོང་མ་ཐག་ཏུ་ཕོ་ཁར་ཚ། །
དགུའི་དགུ་ཐུག་བྱས་ན་སྲོལ་ལ་ཚ། །
ངས་ཚ་སྲོལ་ན་སྲོལ་བརྒྱ་བཤད་ཀྱང་། །
རིགས་རྒྱུད་ཐག་ཆད་པའི་བོད་པ་ཚོས། །
སྣ་གཉེར་ཞོར་རྒྱ་ཁོག་ཟ་ཞོར་དང་། །
གླུད་ཚུར་བསུའི་གླུ་སྒྲ་མཐོ་ལེ་བྱེད། །
དེ་བསམ་ན་བྱང་ཁོག་སྟོང་བ་རེད། །
ལུས་བྱང་ཁོག་སྟོང་བའི་རྒན་པོ་ངས། །
ཟས་དགུ་ཐུག་ཁོག་ལ་བྱམས་སོ་བཤད། །
གྲོ་བྲུག་དཀར་ཕྱེ་མ་སྲིང་མོས་བརྫི། །
ཤ་གྲོ་ཕྱུར་ཐུག་རྡོ་མནའ་མས་འཐག །
རྫས་ཚ་སྒོག་ཡེར་གསུམ་ཨ་མས་འདེབས། །
ཁྱིམ་བཟའ་མི་གང་བོའི་དགུ་ཐུག་བསྐོལ། །
ལྟོ་འགྲང་ཐག་མ་ཆོད་མཚམས་མི་འཇོག །
ཁ་ཚ་ནས་ཁོག་ལ་དུག་རབས་མེད། །
འདིའི་སྒྲུང་རབས་བཤད་ན་གནའ་རབས་རེད། །
གངས་ཁ་བའི་རྒྱལ་ཁམས་དར་དུས་རེད། །
རྟ་འདོ་བའི་གོང་ན་སྨྱོ་དུས་རེད། །
རྒྱ་ཁྲང་ཨན་མཁར་ན་འདར་དུས་རེད། །
དུས་དེངས་སང་བཤད་ན་ལབ་ཟིག་རེད། །
ལབ་རྐྱལ་བ་ཐོགས་པའི་རྒན་པོ་ངས། །
དགུའི་དགོང་མོར་རྩེད་ནས་བགད་སོ་བཤད། །
ཁྱིམ་ནང་མི་ཁ་འཛོམས་མགོ་འཛོམས་སྐབས། །
ཁྱིམ་གང་བོས་མཉམ་དུ་དགུ་ཐུག་བསྐོལ། །
མི་རེ་རེའི་གྲངས་ཀྱི་རྟགས་རེ་འཇོག །
དྲིན་མ་ལོའི་སྤྱན་ཟུང་དར་གྱིས་བཏུམས། །
རྟགས་རེ་རེ་ཅན་གྱི་གྲོ་རེ་ལེན། །
དྲིན་ཕ་ལོའི་ཕྱག་གིས་གྲོ་ཁ་འབྱེད། །
རྟགས་རེ་རེ་བླངས་ནས་རྟེན་འབྲེལ་དཔྱད། །
རྟགས་རེ་ལ་མཚོན་དོན་སྟོང་རེ་ཡོད། །
དེ་རེ་རེ་བཤད་ན་རྫོགས་མཐའ་མེད། །
དཔེ་འགའ་རེ་འཇོག་ག་ལྟད་མོར་ལྟོས། །
རྟགས་དང་པོར་ཆོས་ཀྱི་པོ་ཏི་འཇོག །
བུ་ཆོས་བསོད་ཅན་གྱི་རྟེན་འབྲེལ་ཡིན། །
ལྷ་སྤྱན་རས་གཟིགས་ལ་མཇལ་སྐལ་ཡོད། །
ཆོས་སྐྱེ་མེད་ལྟ་བ་རྟོགས་སྐལ་ཡོད། །
རྟགས་གཉིས་པར་དགུང་གི་ཉི་ཟླ་འཇོག།
བུ་དབང་ཐང་ཆེ་བའི་རྟེན་འབྲེལ་ཡིན། །
མཚན་སྙན་གྲགས་ཉི་ཟླའི་རྣ་ཆར་འཕྱང་། །
རྟགས་གསུམ་པ་གཡང་དཀར་ལུག་བལ་འཇོག །
སྨན་གཤིས་རྒྱུད་བཟང་ལ་ངང་རྒྱུད་རིང་། །
གཞི་སྦྲ་ཁྱིམ་སྨུག་པོའི་ནང་འཛིན་ཡིན། །
རྟགས་དགོད་བྲོར་ཚྭ་སྒོག་ཡེར་གསུམ་འཇོག །
ཁྱིམ་བཟའ་མིའི་ཧབ་ཆ་རླུང་ལ་ཞོན། །
རྟགས་ངན་པ་ཐག་པ་ཕྱི་སྒྲིམ་དང་། །
སོལ་ནག་པོ་གཟེ་མ་ར་མགོ་སོགས། །
སེམས་སྐྱོ་བའི་རྟགས་སྣ་མང་ན་ཡང་། །
གླུད་ནག་པོའི་མཉམ་དུ་གཏོར་རྫོང་བྱེད། །
སྒོའི་ཡས་ཐེམ་གཡུ་ཆུང་སྔོན་མོས་བྱས། །
གཡུ་སྔོན་མོས་གངས་ཀྱི་བླ་སྲོག་འཛིན། །
སྒོའི་མས་ཐེམ་སེར་པོ་གསེར་ལས་བྱས།
གསེར་སེར་པོས་གངས་ཀྱི་གདན་ས་འཛིན། །
སེམས་རྣམ་རྟོག་ཚེར་མའི་མེ་ལ་སྒྲོན། །
ཁྱིམ་གད་སྙིགས་ཟས་སྙིགས་ཐུག་སྙིགས་བཅས། །
གླུད་མཉམ་དུ་རྒྱ་མཚོའི་ཕར་ཕར་བསྐྲོད། །
རྟགས་རྟེན་འབྲེལ་གསར་བ་ཆོ་གས་བསྒྲིགས། །
ལོ་གསར་བ་དགའ་སྐྱིད་དཔལ་གྱིས་བསུས། །
ཟས་སྡེར་ཁས་བང་རིམ་རྩིག་དུས་འདིར། །
རྩིས་ཞིབ་པར་གླེང་ལ་ངལ་མོད་ཀྱང་། །
ང་རྩིས་པ་རྒན་པོའི་འགྲོན་གཉེར་ཡིན། །
རྩིས་ནོར་བ་བྱུང་ན་ང་ལ་དྲིས། །
རྟགས་ནོར་བ་བབས་ན་ལས་དབང་རེད། །
གླུད་ནག་པོ་མཉམ་དུ་མར་ལ་གཡུགས། །
ལོ་གསར་བར་གཡུ་འབྲུག་དགུང་དུ་འཕྱོ། །
རི་རྨ་རྒྱལ་རྩེ་ནས་ལྷང་ལྷང་གྲགས། །
ཆར་བསིལ་མ་འབབ་ཀི་རྟེན་འབྲེལ་རེད།
སྤྱི་ལོ་ ༢༠༢༤ ཟླ་ ༠༢ ཚེས་ ༠༩ དང་།
བོད་རྒྱལ་ལོ་ ༢༡༥༠ ལོ་མཇུག་གི་ཉིན་དེར།