Back To Top

གསེར་གྱི་གྱི་ལིང་། གཡུ་ཡི་འབྲུག་ཆུང་།

བཀླགས་གྲངས། 1428

ཤེད་བུས།

---པདྨའི་གློག་བརྙན་གངས་གཟིག་གི་པར་ཕུད་ལ་མཇལ་རྗེས།
    གནམ་མཐའ་རུ་ཚག་རླུང་སྐྱ་སིབ་སིབ་ལངས་ཤིང་། ཙག་རླུང་གི་བཞུག་སྒྲ་དང་གྲོགས་པོའི་དགོད་སྒྲ། རླངས་འཁོར་གྱི་འདར་འཁྱོམ་ལྷན། ལམ་ཆུང་ཀྱ་མ་ཀྱུ་ཞིག་དེད་ནས་ཐང་ཆུང་རེ་གཏུབ། འབར་འབུར་རེ་བརྒལ་ནས་ལམ་དུ་ཞུགས། སྐབས་འདིར་ང་དངོས་སུ་ཕ་ཡུལ་ལ་སླེབས་སོང་། ན་གོར་མོ་བརྒལ་བ་མ་ཟད། རྡང་ལ་ཆེ་ཆུང་གི་གཡས་གཡོན་ཞིག་ན་ལྷ་སར་འགྲོ་གིན་ཡོད། མ་རེད། ཉི་ཟླ་རི་བོ་དང་མཚོ་ལྷོ་བརྒལ་ནས་རྫ་སྐྱེ་དགུར་ཐོན་ལ་ཉེ། གཡག་ལ་སེར་བོའི་གོང་ཁ་ནས་ཏག་ཏག་མར་དཀྱོགས་ཤིང་། ཕར་ངོས་ཀྱི་མཁར་ཤུལ་ཐེད་པོ་དེ་ཨ་ཁུ་ཁྲོ་ཐུང་གི་སྒར་ཤུལ་ཡིན་པའི་སྣང་བ་འདུག མ་རེད། གསེར་ལྡན་དང་ཉག་དམར་གྱི་ཐང་གཞུང་གཏིབས། ཁྱུང་འཕགས་ལབ་ཙེ་བརྒལ་ནས་ཨག་རྩི་ཐང་ལ་ཐོན་ལ་ཉེ། མ་རེད། ངས་པདྨ་ཚེ་བརྟན་གྱི་གློག་བརྙན་གངས་གཟིག་ལ་ལྟ་གིན་ཡོད། གློག་བརྙན་མགོ་བཙུགས་མ་ཐག་རེད། སྒྱུ་རྩལ་གྱི་བསླུ་བྲིད་བཙན་ཆེའམ་ཕ་ཡུལ་ལ་འཁྲེང་བའི་ཞེ་རྩ་ཁྲག་དང་རྣག་གིས་ཟས་པ་ཡིན་ཨང་། ས་མཐའ་ནས་སྐྲ་མཐའ་ཁ་བས་ཟས་ཤིང་གདོང་ལ་གཉེར་མ་བརྩེགས་པའི་འཁྱམ་པོ་ཞིག་གི་སེམས་པ་རྨས་སོང་། འཁྲབ་ཁྲིད་པ་ལགས། ཁྱོད་ལ་སྡིག་སྒྲིབ་ཆེ། བཀའ་དྲིན་ཡང་ཆེ།
དེ་རིང་སྤྱི་ལོ་ ༢༠༢༤ ལོའི་ཟླ་གཉིས་པའི་ཚེས་༡༡ བོད་ཀྱི་ལོ་སར་ཚེས་གཉིས་ཉིན་རེད། ཟླ་སྔོན་མའི་ནང་རྒན་ཟླ་བས་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་གསའམ་གངས་གཟིག་ཕ་རེ་སིའི་གློག་བརྙན་ཁང་ཞིག་ནས་སྟོན་རྒྱུ་ཡིན་པ་དང་། དྲ་ལམ་ནས་སྤ་སེ་ཉོ་ཐུབ་པས་མཉམ་དུ་ལྟ་བར་འགྲོ་ཟེར། དེའི་སྔོན་པདམའི་བུས་བྱ་དགའི་མཛད་སྒོའི་སྐབས་སྐད་ཆ་བཤད་ཀྱིན་པར་ཉན་ནས་སེམས་པ་ཧ་ཅང་སྐྱོ་ཞིང་གློག་བརྙན་ལ་ལྟ་འདུན་དྲག་པོ་སྐྱེས།  ལས་བྲེལ་ཤིན་ཏུ་ཆེ་བའི་དུས་ཚོད་འདིར་ལོ་སར་ལའང་གུང་གསེང་མ་བླངས་པར་གློག་བརྙན་འདིའི་ཆེད་དུ་གུང་གསེང་བླངས་ནས་ལྟ་བར་ཕྱིན།
དང་པོར་གློག་བརྙན་ལ་ལྟ་བར་འགྲོ་དུས། གློག་བརྙན་ཅུང་ཉོབ་ཐོ་ཞིག་ཡིན་ཤག་དང་། ཡིན་ནའང་། བོད་ཀྱི་རིག་གནས་དང་སེམས་ཁམས་གཏིང་ཟབ་ས་དང་ཞིབ་ཚགས་ལྡན་པ། དཀའ་ངལ་མང་པོ་ཞིག་རྒྱུན་ལྡན་གྱི་རྣམ་པར་འགྱུར་བའི་ཚུལ་གྱིས་སྟོན་པའི་ཁོང་གི་གློག་བརྙན་དག་གི་ཐབས་རྩལ་ལམ་ཡང་ན། རྒྱུན་རིང་གི་བཙན་འཛུལ་གྱི་བདག་འབྲས་ཙོང་པགས་བཤུ་བཤུ་བྱེད་པའི་ཁོང་གི་སྒྱུ་རྩལ་བརྩམས་ཆོས་ཀྱི་བདེན་པ་ལ་དོ་སྣང་བྱེད་འདོད་དང་། ལྷག་པར་ཚན་རིག་ལག་རྩལ་རྩེར་སོན་དང་མ་དངུལ་ཕོན་ཆེན་ཅན་གྱི་གློག་བརྙན་ནང་ལས་འབྱུང་མི་ཐུབ་པའི་CG (computer graphics )ལག་རྩལ་ངོམ་ཡོད་པ་དེ་ཅི་འདྲ་ཡིན་ཨང་སྙམ་པ། ད་དུང་ཁོང་གི་བུ་དང་གྲོགས་པོ་ཚོས་པདྨའི་ཤུལ་བཞག་རིག་གནས་ལ་བདག་ཉར་གང་འདྲ་ཞིག་གནང་ཡོད་ཨང་སོགས་ཀྱི་དོགས་འདུན་མོད་པོ་ཞིག་སེམས་ལ་སྤུངས་ནས་ང་གློག་བརྙན་ཁང་དུ་འཛུལ། ཡིན་ནའང་། གློག་བརྙན་ལ་དངོས་སུ་ལྟ་དུས་ངས་དེ་དག་ཚང་མ་བརྗེད་འདུག དུས་ཚོད་གཉིས་ལ་ཉེ་བའི་གློག་བརྙན་དེ་ངས་སྐར་མ་བཅུ་ཙམ་གྱི་རིང་ལ་བལྟས་ཚར་བའི་སྣང་བ་ཕྱིན། ཚོང་ལས་གློག་བརྙན་གྱི་དྲི་ཙམ་ཡང་མེད་པའི་གློག་བརྙན་འདི་ལ་ཉོབ་སྣང་ཅི་ཡང་མེད་པར་སྐད་ཅིག་གི་ཡུན་ལ་སྐར་མདའ་བཞིན་རྫོགས་པར་འདང་ཞིག་བརྒྱབ་ན། འདི་ནི་པདྨའི་གློག་བརྙན་སྔ་མ་རྣམས་དང་མི་འདྲ་བའི་ངོས་དང་ཐོད་བརྒལ་གྱི་ངོས་ཤིག་ཏན་ཏན་རེད།
   པདྨ་ཕ་བུ་གཉིས་ཀྱི་འཁྲབ་སྟོན་པ་སྦྱིན་པའི་དྲག་རྩུབ་དང་རྨོངས་སྡུག་གི་བཞིན་འགྱུར་དང་གཏམ་དཔེ་ཐལ་ཐེལ་ཅན་གྱི་སྐད་ཆས་ལན་རེར་དགོད་འཇུག་ལ། མཚམས་རེར་ཚད་མེད་ཀྱི་སྐྱོ་ངལ་སྟེར་བས། གློག་བརྙན་ལས་སྦྱིན་པ་འཇུར་བ་དང་ལུས་ངག་ཡིད་གསུམ་གྱི་དོ་སྣང་ངང་གིས་ཤོར་འགྲོ་བ་མ་ཟད། ཞི་དུལ་གྱི་སྦྱོར་བ་ལྷན་སྐྱེས་ཀྱི་ཚུལ་དང་དད་པ་དང་བྱང་སེམས་ཀྱི་མི་གཞིའི་བརྟན་ཆ་ངང་གིས་རྫོགས་པའི་རྒན་པོ་དེས་ཀྱང་ཞལ་ན་སྣུམ་ནག་འཕྱུར་ཞིང་ཞེ་སེམས་གངས་ལས་བརྗིད་པའི་གཞུངས་བཟང་མཁས་མཛངས་ཀྱི་ཨ་མྱེས་རྒན་པོ་གང་མང་ཞིག་ལ་ཕྱིར་དྲན་སློང་བས་དོ་སྣང་དབང་མེད་ཤོར་འགྲོ་བ་ཞིག་རེད།
གཅེས་ཕྲུག་རྒྱབ་ལ་ཁུར་ཏེ་གཡུག་ལས་ཀའི་དབར་ན་འགལ་མེ་ལྟར་འཁོར་གྱིན་པའི་སྦྱིན་པའི་རྒན་མོ་འབྲོག་མོ་སྙིང་ལ་རྗེ་བོ་དེ། དངོས་གནས་སྙིང་རྗེ་བ་ལ་ཚད་ཅིག་མི་འདུག རྒྱ་དམག་གམ་རྒྱ་སྤྱང་གིས་ཁྱོ་གའི་ཁ་ས་བསྒོར་ནས་བཙན་དྲག་གིས་གནོན་དུས། སྒོར་ལ་རྒྱགས་པའི་ངོ་གདོང་ཡང་རྫ་རྒོད་ཡུ་མོ་འགྲེད་བརྡར་འཆོར་ས་འདྲ་བོ་ཞིག་གི་ཚུལ་གྱིས་མིག་ཟུང་སྐར་ཆེན་ལས་ཆེ་བ་ཞིག་འབྱེད་ཙམ་མེད་པར་འཇུར་ནས་ཡོང་བའི་སྐབས་སུ་སྨྲ་བསམ་བརྗོད་འདས་ཀྱི་དྲན་པ་སྣ་ཚོགས་ཤིག་གིས་ང་ཨེན་ཙམ་གྱིས་གློག་བརྙན་ནང་འཛུལ་སོང་། 
    ང་ད་དུང་ཚོར་བའི་བང་རིམ་མཐོན་པོ་ན་མར་འབབ་ཐུབ་ཀྱི་མེད་པ་འདྲ། མདོར་བསྡུས་ནས་བཤད་ན། གློག་བརྙན་འདིའི་ནང་དུ་བོད་ཀྱི་མཚན་ཉིད་རིག་པའི་སྲོག་རྟེན་འགའ་མཚོན་སྟོབས་ཆེན་པོས་མཚོན་པ་མཐོང་གི་འདུག ངེས་འབྱུང་། བྱམས་པ། དྲིན་གཟོ། དད་པ་བཅས་རེད། འདི་དག་ལ་དཀའ་འགྲེལ་བརྒྱ་སྟོང་གིས་སྔོག་རྒྱུ་དང་རིགས་ལམ་ཁྲི་ཕྲག་གིས་འདེད་རྒྱུ་ཡོད་མོད། བརྙན་ལམ་ནས་མཚོན་ན་མཚོན་སྟངས་འདིའི་ལྷག་ཅིག་ཨེ་ཡོད་སྙམ།
     ངས་དེ་ལྟར་བཤད་ན། དཔག་བསམ་གྱི་ལྗོན་པ་དགོས་འདོད་ཀྱི་ནོར་བུ་རིན་པོ་ཆེའི་འབྲས་བུ་ཁུར་གྱིས་དུད་པ། རྒྱལ་སྲས་སྣ་བདུན་གྱི་ཡལ་འདབ་ཕྱོགས་སུ་འཛིང་བ། གཟུངས་སྔགས་སྣ་ཚོགས་ཀྱི་གསེར་འོད་ཀྱིག་ཀྱིག་གནམ་འཁོར་ལོ་རྩིབས་བརྒྱད་ལ་འཇའ་འོད་ཀྱི་གུར་ཕུབ་པ། ས་པད་མ་འདབ་བརྒྱད་མནན་ན་ནེམ་ཞིང་བཏེགས་ན་འཕར་བ་འབོལ་གདན་གྱི་ཚུལ་དུ་མེ་ཏོག་སྣ་ཚོགས་ཁྲ་ལམ་མེར་བཞད་པའི་སྟེང་དུ། རྒྱལ་བོ་རིན་པོ་ཆེ་དང་བཙུན་མོ་རིན་པོ་ཆེ་སོགས་རྟ་མཆོག་དང་གླང་བོ་རིན་པོ་ཆེ་བཞོན་ནས་བག་ཡངས་སུ་རྒྱུ་བ། ལྷ་ཁང་གསེར་ཁང་ཉི་ཟླའི་ཁམས་སུ་བརྩིགས་པ། དགེ་འདུན་པ་དང་བཙུན་མའི་སྡེ་བྱུར་དམར་གྱི་སེར་བ་བབས་པ་ལྟར་ཆོས་ཀྱི་དབྱངས་སྙན་མོས་སྟོང་གསུམ་འགེངས་པར་ཡོད་པ་ཀུན་མཁྱེན་དོལ་བོ་བའི་གཟིགས་སྣང་གི་བདེ་བ་ཅན་ལྟ་བུ་ཞིག་བརྙན་དུ་བསྒྱུར་ཡོད་བསམ་སྲིད་མོད། དེ་ལྟ་མིན་པར་རི་ལུང་ཁ་བས་མནན། འཚོ་བ་དབུལ་ཞིང་ཐག འཁོར་བ་ཁབ་ཀྱི་རྩེ་མོའི་བདེ་བ་སྐད་ཅིག་མ་རེའང་དམར་པོའི་བཙན་དྲེགས་ཀྱིས་བསྣུབས་ལ་ཁད་ཀྱི་སྐབས་དེར། བདག་ལས་གཞན་གཅེས་པ་དང་། ཁེ་བཟང་ལས་རྒྱུ་འབྲས་འདེམས་པ། བརྙན་ལམ་ཙམ་གྱི་འཚེ་བ་དང་གདུག་རྩུབ་ལའང་ལྟ་འདོད་ཀྱི་ཡི་ག་མེད་པའི་ཚུལ་དང་། རང་གི་བདེ་བ་གང་ལས་གལ་ཆེ་ཡང་གླེན་ལྐུགས་རི་དྭགས་གཅན་གཟན་ཚུན་ཆད་ལ་གང་ནུས་ཅི་ནུས་ཀྱིས་མི་འཇིགས་པའི་སྐྱབས་ཀྱི་སྦྱིན་པ་གཏོང་བར་ལྷག་བསམ་རྣམ་དག་གིས་བརྩོན་པ། གཅན་གཟན་ཁྲོ་ཞིང་གཏུམ་ནའང་གྲོགས་རྙིང་བ་ཞིག་གི་འདང་བརྩེ་ཤ་དང་རུས་པར་ཞགས་པ་འདི་དག་མི་གཤིས་ཀྱི་བཟང་ས་དང་། མི་གཤིས་བཟང་པོ་དེ་བྱམས་པ་དང་བརྩེ་བ། དྲིན་གཟོ་བཅས་ཀྱི་བདག་འབྲས་སུ་ངེས་པ་རྙེད་ཐུབ་པ་ཡིན།
    གློག་བརྙན་དེ་ལས་སླ་བོས་བཤད་ན། འབྲོག་རྒན་དུད་པ་ཅན། འཚོ་བ་ངན་ངོན་ཅན། ཨ་བོ་སྦྱིན་པ་ཚང་གི་ལུག་ཁྱུར་གསའ་ལྟོགས་མ་ཞིག་བརྒྱུགས་ནས་ཤ་བཟན་གཡག་གུ་འདྲ་བ་དགུའི་འོལ་མ་བླངས་ཏེ་ཁྲག་འཇིབ། ཁྲག་དྲོན་མོས་བཟི་འཐོམ་ལ་གྱུར་ནས་ལུག་རར་གཉིད་ཁུགས་པའི་སྐབས་སུ། སྦྱིན་པས་ལུག་རའི་ཁར་ལྕགས་ཀྱི་ཚེར་དྲ་བསྐོར་ནས་གསའ་མོ་འཛིན་རྩིས་བྱེད་ཀྱིན་པ་དང་། གསའ་ཕྲུག་མ་ཞིག་གངས་ཀྱི་ནང་དུ་བཀྲེས་ལྟོགས་ཆེན་པོས་ཨ་མར་བསྒུག་ནས་ཡོད་པའི་ཡུལ་ལྗོངས་ཤིག་བསྐྲུན་པ་དང་། དེ་ལ་གསར་འགྱུར་ཚན་པ་དང་མི་སྒེར། དམར་གཞུང་ཚན་པ། གཞུང་སྤྱང་ཤོག་ཁག་བཅས་མཉམ་རུབ་ཀྱིས་འབྲོག་རྒན་སྦྱིན་པའི་བྱ་སྤྱོད་དང་གསའ་མོ་དེར་རྒྱུས་ལོན་བྱེད་པའི་གོ་རིམ་ཞིག་རེད།
   མི་སྒེར་ནི་ཨ་ཁུ་གསའ་རེད། གནའ་གནའ་ཞིག་ལ་ཨ་ཁུ་གསའ་ཡིས་གསའ་ཕྲུག་ཅིག་གི་སྟེང་སྐག་གི་གྲི་ཆུང་བཏོན་ནས་དེ་མ་ཉིད་དུ་གསོད་རྩིས་བྱེད་སྐབས། གློ་བུར་བསམ་བློ་ཅི་ཞིག་གིས་འདང་རྒྱག་གི་ནང་དུ་ལྷུང་། ལག་པ་འདར་ཞིང་ལག་གི་གྲི་ཆུང་སར་གཡུག་པ་མ་ཟད། སྐྲ་ལོའང་མར་གཡུགས་ནས་རབ་ཏུ་བྱུང་བ་དང་། ཕྱིར་དྲན་དེའི་རྐྱེན་གྱིས་ཁོ་རང་བྱ་བྱེའུ་རི་དྭགས་ལ་ཧ་ཅང་བརྩེ་བ་དང་། དཔར་ཆས་ཤིག་ཆོས་གོས་ལྟར་འབྲལ་མེད་དུ་ཁུར་བ་དང་། དཔར་མིག་ལས་བྱ་བྱེའུ་རི་དྭགས་རྐྱང་བ་བཙལ་ཏེ། རྒྱུས་ལོན་དང་རང་ཉིད་ཀྱི་སྤྲོ་སྣང་འཚོལ་གྱིན་ཡོད་ལ། ཐོག་མའི་ངེས་འབྱུང་གི་གཞི་རྟེན་དུ་གྱུར་བའི་རི་དྭགས་གསའ་ལ་ཧ་ཅང་དགའ་བས་མིང་ལའང་གསའ་ཐོགས་མོད། གསའ་ཞིག་གི་ཉེ་བར་བཅར་ཏེ་དཔར་མིག་ལ་དྲངས་སྐལ་མ་ལྡན་པ་འགྱོད་སེམས་ཞིག་གི་ངོ་བོར་ཡོད་སྐབས། གསར་འགྱུར་ཚན་པའི་སློབ་གྲོགས་ཀྱིས་ཁྱོད་ཀྱི་ཕུ་བོས་གསའ་ཞིག་ལྕགས་དྲར་བཅུག་པ་བཤད་པ་དེ། ཕ་རྒན་གྱིས་ལོ་ཤས་རིང་མེད་བསོག་མུག་བསོག་གིས་ལྷ་སར་གནས་མཇལ་གྱི་ལམ་གྲོན་ཡང་འཚག་གྲུབ་པས་ཕ་རྒན་ལྷ་སར་འཁྲིད་ཆེད་ཡུལ་དུ་འགྲོ་དགོས་པ་དང་སྟབས་འཁེལ་བས། མདའ་གཅིག་གིས་ཤྭ་བོ་གཉིས་གསོད་འདོད་ཀྱི་རྨི་ལམ་གྱིས་དེ་མ་ཐག་ལམ་དུ་ཆས། སྐབས་དེར་རྩོམ་པ་པོ་དང་རི་དྭགས་སྲུང་སྐྱོབ་པ་གྲགས་ཆེན་ཨ་ཁུ་གངས་ཉི་དང་ཁོང་གི་རླབས་ཆེ་བའི་ཕྱག་ལས་མང་པོ་ཞིག་ངའི་དྲན་པར་འཚང་ནས་ངས་ཨ་ཁུ་གངས་ཉི་ལ་ཡང་ཡང་རྗེས་དཔག་བྱས།
    གསར་འགྱུར་ཚན་པ་ཞིག་གིས་ཀྱང་འབྲོག་རྒན་སྦྱིན་པས་གསའ་ཞིག་ལྕགས་དྲར་བཅུག་པ་ཐོས་འཕྲལ། དེ་མ་ཐག་པར་བ་རྒྱ་ཕྲུག་ཅིག་ཁྲིད་ནས་ལམ་དུ་ཆས་ཤིང་རྒྱ་རོ་ལ་དབུགས་མ་འདང་བར་རླངས་འཁོར་ནང་འགྱིག་དུམ་ཞིག་མཆུ་ལ་བཙུགས་ནས་འགྲོ་བས། གད་མོ་བྲོ་བོ་བྱུང་བ་མ་ཟད། བརྙན་ཕབ་ལ་ཅུང་ཞིབ་ཚགས་ཀྱི་རྣམ་པའང་མཐོང་། ལྷག་པར་ཕ་ཡུལ་ནས་ལྷ་སར་འགྲོ་ཐེངས་རེར་སྤྱི་སྤྱོད་རླངས་འཁོར་ནང་ན་རྒྱ་རྒན་ཚོར་དབྱིངས་དབུགས་ཀྱིས་མ་འདང་བར་འདག་གིན་པའི་སྣང་ཚུལ་དག་ལའང་དྲན་གསོ་བྱས། ལྷག་པར་སྦྱིན་པ་ཚང་ནས་རྒྱ་རོའི་སྐྱེས་སྐར་བསུས་ནས་ལྒོག་སྤྲི་བགོ་བྱ་དང་གདོང་ལ་བྱུགས་པའི་ཚུལ་དང་། ཨ་ཁུ་གསའ་གསའ་ཡི་མདུན་ནས་ཕྱིར་དྲན་གྱི་དབྱིངས་སུ་ནུབ་ནས་ཨེན་ཙམ་གྱིས་གསའ་ཡི་མཆེ་བར་ལ་ཚུད་སྐབས་རྒྱ་རོ་ཁ་གདང་ནས་པར་ཡང་ལེན་མ་ཐུབ་པ་དང་། འབྲོག་རྒན་ཚོས་ཞགས་པ་བཏབ་ཏེ་ཨ་ཁུ་གསའ་དྲུད་ནས་ཡོང་བའི་སྐབས་དེ་དག་ནི་དགོད་བྲོ་དང་ཞིབ་ཚགས་ཀྱི་ཆ་ངེས་ཅན་འདུག་པ་མ་ཟད། འབྲོག་པ་ཚོས་ཟོག་ལུག་ལ་ཞགས་པ་འདེབས་པའི་ཚུལ་སོགས་ཀྱི་དྲན་པ་མང་པོ་སློང་ཐུབ།
རྒྱལ་ཁབ་ཀྱི་ལས་བྱེད་ཚན་པ་ཟེར་བ་ཞིག་ཀྱང་ཡོང་ནས་སྦྱིན་པ་ལ་སློབ་གསོ་ཐེབས་ཆག་ཅིག་བྱེད་སྐབས། སྦྱིན་པའི་ཞེ་སྡང་དང་ཚོར་བ། གནས་ལུགས་སུམ་སྒྲིལ་གྱི་ལན་གྱིས་ཁ་གྲགས་རྒྱུ་མེད་པར་བཟོས་ནའང་། གསའ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་ཞེས་པ་མ་ཎི་བཟློ་བཟློ་ལས་གནས་ལུགས་གཞན་མེད་པ་དང་། མཐར་གསར་འགྱུར་ཚན་པ་དང་གཞུང་ལས་ཚན་པ་གཉིས་ཀྱིས་འབྲོག་རྒན་ཚང་གི་ཤ་ཟ་ཞོར་ཇ་འཐུང་ཞོར་འབྲོག་རྒན་སྦྱིན་པ་ཉེན་རྟོག་པའམ་རྒྱ་སྤྱང་ཚོར་རྩིས་སྤྲད་པ་མ་ཟད།  རྒྱ་སྤྱང་ཚོ་ཡོང་བར་དུས་ཚོད་འགོར་བ་དང་རྒྱ་སྤྱང་ཚོ་བཏགས་ཁྱི་རྒྱ་སྟག་འགྲོ་བོའི་མགོ་ཁ་བརྒྱུད་ནས་ཡོང་སྐབས་བརྙན་ཕབ་ཞིབ་ཚགས་ཀྱིས་ཅུང་འདང་མེད་ནའང་། བོད་ཁུལ་གྱི་གནས་ཚུལ་ངོ་མའི་བརྒྱུད་རིམ་དངོས་མ་ཞིག་དངོས་སུ་མཐོང་བ་མ་ཟད། ཁོ་ཚོར་གསའ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲོག་ཆགས་ཡིན་རབས་ལས་གཞན་གྱི་གནས་ལུགས་མེད་པར་བཙན་དྲེགས་ཁོ་ན་བཀོལ་ནས་འབྲོག་རྒན་རྒྱབ་ལག་བཅིགས་ཏེ་ཁ་ས་ལ་བསྒོར། བཙན་དབང་ཁོ་ནས་བྱ་བ་བསྒྲུབ་དུས། སྲིད་ཀྱི་དམར་ཆ་དང་བཙན་འཛུལ་གྱི་རྣམ་པ་ཧ་ཅང་གསལ་བ་དང་། ཆུང་མའི་བརྩེ་བ་དང་ཕ་མའི་བརྩེ་བ། འབྲོག་པ་དང་གཅན་གཟན་རི་དྭགས་དབར་གྱི་མཛའ་བརྩེ། རུས་ལ་ཞགས་པའི་བོད་མིའི་བསམ་འདུན་བཅས་ལྡོག་ལྡོག་བྱས་ནས་མཐོང་བ་ཞིག་རེད། 
    ཨ་ཅེ་འབྲོག་མོ་སྐོར་བཤད་ཟིན། ཨ་ཁུ་འབྲོག་པ་རྒན་པོ་དེར་གསའ་ཡི་སྐོར་བཅར་འདྲི་བྱེད་སྐབས། གསའ་འམ་གངས་གཟིག་ནི་གངས་རིའི་རྣམ་ཤེས་ཡིན་ཟེར་སྲོལ་ཡོད་པས། དེ་བསད་ན་རྒྱུ་འབྲས་ལོས་འཁོར་ཞེས་དང་། གསའ་དང་འབྲོག་པ་ནི་གནའ་སྔ་མོ་ནས་འདི་ལྟར་མཉམ་དུ་ཡོང་བ་ཡིན་རབས་བཤད་དེ། རྒྱལ་ཁབ་ཀྱིས་མིང་འདྲ་མིན་བཏགས་ནས་དེ་བཟུང་ན་ཁྲིམས་འགལ་དང་། བཏང་བའམ་སྐྱོབ་ན་སྒོར་མོ་ཡིན་པའི་ཁྱབ་བསྒྲགས་དེའི་དབང་གིས་རྙོག་དྲ་འདི་བྱུང་བའི་གནས་ལུགས་དོན་གྱིས་འཆད་པ་དང་། ཚེ་གཅིག་ལ་ལྷ་སར་ཕྱག་འཚལ་ནས་གནས་མཇལ་ཞིག་མི་ནུས་ཀྱང་རྐང་བགྲོད་ཀྱིས་གནས་མཇལ་ཞིག་གི་ཆེད་ལོ་མང་རིང་སྒོར་མོ་ཕྲན་བུ་ཞིག་བསོག་ཡོད་པའང་། བུ་བཙོན་ལ་མི་འཆོར་ཆེད་དང་རི་དྭགས་ཤིག་གི་སྲོག་བྱོལ་དུ་བློས་བཏང་བའི་ཚུགས་ཀ་དང་། བརྙན་ལམ་ནས་ཀྱང་བརྩེ་བའི་ལྟད་མོར་ལྟ་འདོད་ཀྱི་ཞེན་ཁ་གཏིང་ནས་ལོག་པའི་རྒན་པོ་དེས། ང་ལ་དངོས་གནས་ཕ་ཡུལ་གྱི་མེས་པོ་གཡུ་ཡི་བླ་སྲོག་ཅན་དུང་གི་རུས་པ་ཅན། གསེར་གྱི་གཤིས་ཀ་ཅན་དག་དྲན་བཅུག་སོང་། སེམས་སྐྱོ་སོང་། སྦྱིན་པའི་ཆུང་མས་ཀྱང་འབྲོག་མོ་ཁོག་པ་གསལ་བོ་རྣམ་རིག་གླག་དང་འདྲ་བ། གཤིས་རྒྱུད་འཇམ་པོ་གཡང་དཀར་བལ་དང་འདྲ་བ། ལས་དབང་གཉོམ་ཆུང་དམུན་པོ་ཕྱུགས་ཀྱི་གོང་མ་ཙམ་གྱི་ཕ་ཡུལ་གྱི་ཨ་ཅེ་ཨ་སྲི། མིང་སྲིང་དག་གི་དྲན་པ་བསླངས་སོང་། སྦྱིན་པས་ནི་འབྲོག་རྒན་རང་དོན་ཚ་བོ། གཤིས་ཀ་གྱོང་བོ། བློ་ཁོག་ཆེན་པོ་ཅན་ཞིག་གི་སྣང་བརྙན་ཡང་ཡང་བསྟན་པ་དང་། ཨ་ཁུ་གསའ་ཡིས་ངེས་འབྱུང་དང་འཆར་ཡན་གྱི་སྣང་བརྙན་ཞིག་བསྐྲུན་པས། གློག་བརྙན་དེ་ནི་བཙན་འཛུལ་གྱི་བདེན་དཔང་དང་འཆར་ཡན་གྱི་རྫོང་མཐུག་པ། རིག་གཞུང་གི་གཏིང་ལ་འཛུལ་བའི་ཁྱད་ཆོས་ཅན་ཞིག་ལ་སྣང་བས། ང་ངོ་མས་ཕངས་སོང་། པདྨ་གཏན་ཏུ་བཞུད་པ་ལ་ཕངས་སོང་། པདྨ་གཏན་དུ་བཞུད་པ་ནི། བོད་ཀྱི་གློག་བརྙན་རིག་གནས་ཀྱི་སྐས་ཚིགས་འཐོར་བ་རེད། པདྨ་ནི་བོད་ཀྱི་ཤེས་རིག་ལོ་རྒྱུས་ཁྲོད་ཀྱི་གསེར་གྱི་གྱི་ལིང་དེ་རེད། གཡུ་ཡི་འབྲུག་ཆུང་དེ་རེད། 
སྤྱི་ལོ་ ༢༠༢༤ ལོའི་ཟླ་ ༠༢ ཚེས ༢༢ ཉིན་རྫོགས་པར་བྲིས།

2024-02-24 མཚམསྤྲིན།
2024-02-23 རང་བསླུས།
2024-02-23 གསལ་ལེ་རྒྱལ།
2024-02-23 ཉི་མ་འཚོ།
2024-02-22 ཇག་ལྷ་དཀར་པོ།

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།