Back To Top

ཞྭ་མོ་དཀར་ནག་གི་བཟོ་གྲྭ། བོད་ཀྱི་གྲོས་ཚོགས།

བཀླགས་གྲངས། 1551

ཤེད་བུ།

བོད་ཀྱི་གྲོས་ཚོགས་ནང་གི་རང་དབང་གི་སྨྲ་ལྕེ་དེ་དག་མཐོང་ན་མང་གཙོའི་ཡོན་ཏན་མཐོང་བ་མ་ཟད། སྐྱག་ལངས་ལ་ཤོར་བའི་གཅེས་ཕྲུག་བསོད་ནམས་ཅན་ཚོའི་སྐྱིད་ཀྱི་རྩེ་མོ་མཐོང་བ་ཡིན། དེའི་ཞོར་ནས། བན་རྒྱགས་ཨ་ཕའི་རོ་ལ་དགོད་ཅེས་པའི་བོད་ཀྱི་གཏམ་དཔེ་ཞིག་ཀྱང་དྲན་པ་ཡིན། གང་ལྟར་བོད་ཀྱི་གྲོས་ཚོགས་འཚོགས་ཐེངས་རེར་སྤྱི་ཚོགས་འུར་སེང་ངེར་གཏོང་བ་མ་ཟད། མྱི་འགའ་རེར་ཞྭ་ནག་རྩེ་བརྒྱ་མ་རེ་བསྐོན་ནས་མངགས་ཡོང་། དེ་ནི་གྲོས་ཚོགས་འཚོགས་ཐེངས་རེའི་འཆར་ཅན་གྱི་གྲུབ་འབྲས་ལྟ་བུ་ཞིག་རེད། 
རིག་གསར་སྐབས་ཀྱི་སྔོན་ཐོན་པ་ཚོ་དང་འདྲ་བར་བོད་ཀྱི་འཐུས་མི་རྣམ་པའི་ཁ་ལྕེ་དགོད་ལ་ཤོར་བ་དང་བྱ་སྤྱོད་དྲེད་ལ་ཤོར་བའི་འབྱུང་རྩ་ནི་ཕྱོགས་གཅིག་ནས་བསྔོགས་ནས་མི་ཚར་བའི་གཏམ་རྒྱུད་ཅིག་ཡིན་ལ། ཕྱོགས་གཞན་ནས་རྒྱགས་རྩེད་རང་ཡིན། རྒྱགས་རྩེད་ནི་རྒྱག་རྩལ་དུ་གྱུར། རྒྱག་སའང་ཕྱི་རྒྱག་མིན་པར་ནང་རྒྱག་ལ་དཔའ་ཡ་མེད་རྩལ་དྲུག་གི་གཡུ་རལ་ཤམ་མེར་ཡོད་པའི་འུ་ཚང་གི་འཐུས་མི་ཚོ་ནི། བསམ་ཞིང་བསམ་ཞིང་སྨྲ་བསམ་བརྗོད་མེད་ཀྱི་འཐུས་མི་སྟོང་བ་ཉིད་ཤ་སྟག་རེད།
འཐུས་མི་གཞན་དག་དང་འདྲ་བར་ཁོང་རྣམ་པས་འཛམ་གླིང་ཆབ་སྲིད་དང་དཔལ་འབྱོར་ཞིབ་འཇུག་པ་དག་གི་ཞིབ་འཇུག་གི་གྲུབ་དོན་བསྔོགས་ནས་མི་རིགས་ཀྱི་བདེ་དོན་བཤད་པའི་ཐེག་པ་ཁས་མི་ལེན་པ་མ་ཟད། རྒྱལ་སྤྱིའི་གསར་ཁང་ཚད་ལྡན་དག་གི་གསར་འགྱུར་དུས་ལྟར་ཀློག་པའི་སྐུ་ངལ་ཙམ་ཡང་ལྷུར་མི་ལེན། ཁོང་རྣམ་པར་རང་རང་གི་ཐུན་མིན་གྱི་ཡིག་ཆ་རེ་ཡོད་པ་ཡིན། ཡིག་ཆ་དེ་དག་ནི་སྤྱི་དོན་མེད་པའི་མཐའ་དཔྱོད་ཉོག་རིང་མ་ཤ་སྟག་ཡིན། མཐའ་དཔྱོད་སྟངས་ཀྱང་དགག་བཞག་སྤོང་གསུམ་ལས་རིང་ལུགས་བཞག་པ་ཆད་པའི་དགག་སྤོང་གི་གཤོག་ཟུང་དལ་བ་མེད་པར་གྲོས་ཚོགས་ཀྱི་བང་རིམ་བརྟོལ་རྒྱུ་དེ་ཡིན། ཡིག་ཆ་ཞེས་པ་དེ་ཁྲིམས་ལུགས་རིག་པའི་ཁྱབ་ཁོངས་ཀྱི་ཡིག་ཆ་མིན་པ་མ་ཟད། བོད་ཀྱི་མཚན་ཉིད་རིག་པའི་ཁྱབ་ཁོངས་ཀྱི་ཡིག་ཆའང་མིན་པར། དེ་ནི་ཁོང་ཚོའི་ཞེན་མི་མིག་དམར་ཚོས་དྲ་ལམ་ལ་བསྒྲགས་པའི་ཐོ་ཅོའི་རིགས་ཡིན། 
ཁོང་རྣམ་པས་བཅའ་ཁྲིམས་རིན་པོ་ཆེའང་ཐོ་ཅོ་དེ་དག་སྲུང་སྐྱོབ་ཀྱི་རྒྱབ་ལ་འཐེན་པ་མ་ཟད། རྒྱལ་བའི་བཀའ་ལུང་ཚུན་ཆད་དེ་དག་གི་རྒྱབ་རིར་ཤེར། བོད་ཀྱི་རྩོད་པའི་རིགས་ལམ་དང་གཏམ་དཔེ། འདོགས་ར་ཚུན་ཆད་ཀྱི་ལག་ཆ་བླངས་ནས་དགག་སྤོང་ལ་འབད་པ་ཡིན།
ཨེན་ཙམ་མིན་ན། འུ་ཚང་གི་འཐུས་མི་ཞིག་གིས་དྲ་འབུ་མིག་དམར་ཞིག་ལ་རྒྱལ་ཁ་ཐོབ་སོང་ཞེས་གྲོས་ཚོགས་ནང་ནས་རླུང་རྟ་སྤུར་ལྷ་རྒྱལ་འཐེན་སོང་། དེའང་འདང་ཞིག་བརྒྱབ་ན།  ཞྭ་མོ་ནག་པོ་ནི་སྲང་ལམ་ཧྲག་དབར་གྱི་ཁ་བརྡ་རྒྱུ་སྤུན་བྱས་ནས་བཟོ་དགོས་པའི་གཟུགས་མེད་ཀྱི་ཞྭ་མོ་ཞིག་ཡིན་པས། ཞྭ་མོ་ནག་པོའི་རྒྱུ་ཆ་འཚོལ་ཐབས་ཤིག་ཡིན་རྒྱུ་རེད།
དེ་ལས་ཀྱང་དགོད་བྲོ་བའི་ལྟད་མོ་ཞིག་མཐོང་བ་ནི། ང་ཚོའི་གྲོས་ཚོགས་ནང་དུ་འུར་ཆིལ་ལེར་སོང་བའི་དབུ་ཞྭ་དཀར་མོ་རྩེ་བརྒྱ་མ་དེའང་དོན་དངོས་སུ་ཞྭ་ནག་རུལ་བ་སྡིག་སྒྲིབ་ཀྱི་ཚན་ཁ་འབར་བ་ཞིག་ཡིན་པ་དེ་རེད། 
རྒྱལ་སྤྱིའི་བརྒྱུད་ལམ་གྱི་ཞིབ་འཇུག་གི་གྲུབ་དོན་ལྟར་ན། རྒྱ་ནག་གི་ཐད་གཏོང་ནི། ཐད་གཏོང་བ་དང་ཐད་གཏོང་བདག་པོ། ཞེན་མིའི་ནང་གི་གནག་མིའམ་རྒྱ་ནག་གི་ཐད་གཏོང་ནང་ཏྭ་ཀཱི་ཟེར་བའི་གནག་མི་ཁ་ནག་གསུམ་གྱིས་གྲུབ་པའི་ཟུར་གསུམ་ཞིག་རེད་ཅེས་སྡོམ་བསྐྱོན་པ་ལྟར། བོད་ཀྱི་འཐུས་མི་ཚོའང་ཟུར་གསུམ་གྱིས་གྲུབ་འདུག ཏཱ་ཀི་ཚོའི་ལེགས་སྐྱེས་ཀྱི་མང་ཉུང་ལྟར་ཁོང་ཚོས་ངོ་ཚ་ཁྲེལ་དོར་གྱི་འཁྲབ་སྟོན་བློ་ཡུལ་ལས་བརྒལ་བ་བྱེད་པ་ཡིན། འུ་ཚོ་ཚང་མ་ཁོང་ཚོའི་ཞེན་མིའམ་ལྟད་མོ་བ་རེད། ཡིན་ནའང་། ཁོང་ཚོས་ངའི་ཞེན་མི་ཚོ་ཞེས་ཤ་ཚ་ཚའི་ཚིག་སྙན་དང་འཛུམ་ཡག་གིས་དུས་འདའ་ནའང་། དོན་ངོ་མར་ཏཱ་ཀི་ཚོས་ཁྱི་ལྟར་ཁྲིད་ཆོག་པའི་ཐད་གཏོང་བ་འགའ་རེད། ཡིན་ནའང་། འདི་ཚོའི་ཏཱ་ཀི་ཚོའང་ཟུར་གཉིས་ཀྱིས་བསྐྲུན་པའི་ཟུར་གཅིག་ཡིན།
མདོར་ན། མི་སྡེའི་སྤྱི་ཚོགས་ཁྲོད་དུ། རྒྱུ་འབྲས་ཀྱི་གད་སྙིགས་གཉིས་ཡོད་པ་ནི། ཆབ་སྲིད་པ་དང་ཚོང་བའི་རིགས་གཉིས་ཡིན། འདི་དག་གི་འཇོན་ཐང་བླ་ན་མེད་པ་ནི། དོན་བཟང་གཅིག་གིས་དོན་ངན་ཁྲི་སྟོང་གི་གདོང་འབག་གཡོག་ཐུབ་པ་ཡིན། ངོས་འདི་ནས་བསམ་བློ་ཞིག་ཐོངས་དང་། ཆབ་སྲིད་པ་ཞིག་ལ་ལྷ་གཅིག་གསོལ་བ་དང་ལམ་གཅིག་རྡོག་པ་བྱེད་མཁན་གྱི་ཞེན་མི་ཚོ་ལས་གླེན་པ་ཁ་ནག་ཅིག་འཇིག་རྟེན་ན་མེད་པ་མ་ཟད། བོད་ཀྱི་རིག་གཞུང་ངོས་ནས་བཤད་ནའང་དེ་ལས་ལྷག་པའི་འདི་ཕྱི་གཉིས་ཕུང་གི་སྡིག་པ་ཚབས་པོ་ཆེ་ཞིག་མེད།

སྤྱི་ལོ་ ༢༠༢༤ །༠༣ ། ༢༤ ཉིན།

2024-03-25 མུ་ཏིག
2024-03-24 དེ་ཙམ་རེད།
2024-03-24 ཀ་དག
དེ་ཙམ་རེད།
2024-03-24 Devil
10/5

ཤགས་འགྱེད།


རྣམ་འགྱུར།

ཇག་འབྲེལ།

fajack2022@gmail.com

མནའ་ཡ།