བཀླགས་གྲངས། 1221
ཤེད་བུས།
ལོ་ལྟར་དཔྱིད་མགོ་ཚུགས་པ་དང། བོད་ཀྱི་ཆོལ་ཁ་རེའི་ལྷ་པ་བཅུ་རེ་དང་ཆོས་བརྒྱུད་རེའི་ལྷ་པ་གཉིས་རེ། ད་དུང་ནུབ་གླིང་དང་ཨོ་གླིང་གི་ལྷ་པ་འགའ་བཅས་ཆོས་ཚོགས་ཆེན་མོ་དེ་ཚུགས་ཀྱིན་ཡོད། ཕོ་ལྷ་དང་མོ་ལྷ། ཆོས་ལྷ་དང་བོན་ལྷ་བཅས་འདུ་ར་གཅིག་ཏུ་འཛོམས་ནས་བོད་སྐད་ཀྱི་ནང་དུ་དབྱིན་སྐད་དང་རྒྱ་སྐད། ཧྥ་སྐད་བཅས་ཀྱི་བྲོ་རྫས་རེ་གཏོར་ནས། མཁས་ཉམས་འདོན་སྐྱེད་དང་། འགྲེལ་བརྗོད་གསལ་སྐྱེད་ཀྱི་ཉམས་དང་བཅས། ཆེ་ས་ནས་རྒྱལ་བའི་སྐུ་དབང་དང་བོད་ཀྱི་སྲིད་དབང་། ཆུང་ས་ནས་དྲ་འབུའི་རང་དབང་དང་དགའ་རོགས་དབར་གྱི་ཞེ་འདང་ཚུན་ཆད་ལ་རྩོད་པ་གནང་སྲོལ་ཡོད། ཆོལ་རྩོད་དང་ཆོས་རྩོད། དབང་རྩོད་བཅས་པར་རིགས་ལམ་སྐོར་འཕེན་གྱིས་ཐག་བཅད་ནས་ཐེལ་གྱིས་མནན། ཐག་བཅད་ཀྱིས་ཐག་མ་ཆོད། དམ་ཐེལ་གྱིས་དམ་བཅའ་མ་ནོན་པར་བསྐྱར་བཤིག་ཀྱང་ཐེངས་མང་གནང་དགོས་བྱུང་ནའང་། ཁོང་རྣམ་པའི་བཤད་སྟངས་ལྟར། ལྷ་ཚོགས་འདི་འུ་ཚོའི་བསོད་ནམས་བརྒྱ་ཆའི་སྟོང་དང་ཁྲི་ཡིན། ལྷ་བབས་དུས་སྐུ་གཟུགས་འདར་བ་དང་ཁ་ངོ་འགྱུར་བ། གསུང་སྐད་མཐོ་བ་ཙམ་ལའང་བོད་མི་ཕལ་ཆེར་ཞིག་གིས་ཟུར་ཟ་བྱེད་ཀྱིན་ཡོད། འདི་ཚོ་བསོད་ཟད་མིན་ན་སུ་ཞིག་ཡིན་ཨང་། ཡིན་ནའང་། ལྷ་བ་རང་རང་གི་ཆེད་དུ་བྱ་བའི་གདུལ་བྱའམ་ཞེན་མི་རྣམས་ལ། ལྷ་པ་ཚོས་གང་བྱུང་མང་བྱུང་མཛད་ནའང་ཅི་མཛད་ལེགས་པར་མཐོང་བའི་དད་པ་འགྱུར་མྱོང་མེད། ངས་དེ་འདྲའི་དད་ལྡན་མང་ཚོགས་ཀྱི་དགེ་རྩ་ཁོ་ནར་དམིགས་ཏེ། ཆོས་ཚོགས་འདིའི་ཆོས་རྩོད་དམ་བཅའ་ཆེན་མོའི་ཟུར་ཞིག་ཟིན་བྲིས་ལ་ཕབ་ཡོད།
དེ་རིང་གི་རྩོད་གཞིའི་འབབ་ས་བོད་ཀྱི་ཡུལ་མིར་ཞུགས་པའི་ཆ་རྐྱེན་ཡིན་ནའང་། ཁོང་རྣམ་པས་གཉེན་སྒྲིག་གི་རིགས་ལམ་ཤ་སྟག་སྐོར་འཕེན་གྱིས་དམ་བཅའ་དེ་གཙབ་ཧྲལ་དགུ་ཧྲལ་དུ་བཏང་སོང་།
རིགས་ལངས་པ། སྤྱི་འཐུས་དཀོན་མཆོག་ཡར་འཕེལ།
ཡ་ཁོ་རེ། འོ་ན། ཡ་ཁོ་རེ། ཨ་རིའི་ཡུལ་མི་བོད་མིར་ཞུགས་པ་དེ་ཆོས་ཅན། ང་ཚོ་ལ་རང་རང་གི་ཕ་ཡུལ་དང་ཆོལ་ཁ་ཡོད་པ་རེད། དཔལ་འབྱོར་ལས་ཁུངས་ཀྱིས་དེ་ལ་ཕ་ཡུལ་ག་རེ་འབྲི་བར་ཐལ། ཆོལ་ཁ་ག་རེ་འབྲི་བར་ཐལ། ཡ་ཕྱིར། ཕྱིར། ཕྱིར། ཇོ་རིན་པོ། རྟགས་གསལ་ཚ་པོ་བཏང་ཡིན་དཱ།
རིགས་ལངས་པ། སྤྱི་འཐུས་དབུ་དཀར་གཡུ་སྒྲོན།
OK ལོ་གསུམ་ནས་ལྔ་ཡར་སྤར་བ་དེ་ཆོས་ཅན། ལག་ལེན་ལ་བསྟར་བའི་ཆེད་དུ་ལོ་ལྔ་སྤར་བར་ཐལ། ལག་ལེན་ལ་མི་བསྟར་བའི་ཆེད་དུ་ལོ་ལྔ་སྤར་བར་ཐལ། དེ་གཉིས་ལ་མུ་གསུམ་མུ་བཞི་མེད་པའི་ཕྱིར། ཡ་ཕྱིར།
རིགས་ལངས་པ། སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས།
ཡ་ལགས་སོ། དེ་ནས། ད་ཕྱེད་ཀ་དེ་ཡིན་དཱ། མ་འོངས་པར་དོ་བདག་དེ་འདྲར་དེབ་ལྗང་ཁུ་རག་པ་གཏན་འཁེལ་བར་ཐལ། དེ་ནས་གནས་སྟངས་ཤིག་གི་འོག་ནས་དཔལ་ལྡན་སྲིད་སྐྱོང་ལ་ལངས་ཆོག་མདོག་ཁ་བོར་ཐལ། མུ་གསུམ་མི་བཞི་ཡོད་པའི་ཕྱིར། སྤྱི་འཐུས་ལའང་ལངས་ཆོག་མདོག་ཁ་བོར་ཐལ། ཡང་རྒྱལ་ཁབ་གཞན་ལ་གྲོས་ཚོགས་འཐུས་མིར་ལངས་པ་ལ་དཀའ་ངལ་མེད་པ་ལ། རྒྱལ་ཁབ་གཞན་གྱི་མི་སེར་ཡིན་པ་དང་རྒྱལ་ཁབ་གཞན་ནས་སྐྱེས་པ་ལ་དེ་འདྲ་བྱས་མི་ཆོག་ཟེར་བ་ལྟ་བུའི་ཁོ་ཁོ་རང་ལ་ཆ་རྐྱེན་མང་པོ་ཞིག་ཡོད་པའི་ཕྱིར། དཔེར་ན་ཨོ་གླིང་བཞིན། ཨ་རི་ཡང་དེའི་ཕྱིར། དཔེ་ཆ་དང་འགལ། ཕྱག་དཔེ་དང་འགལ། དཔོན་པོ་དགོངས་པ་ཞུ་བ་སོགས་གནས་སྟངས་མང་པོ་ཡོད་པའི་ཕྱིར། མུ་གསུམ་མུ་བཞི་ཡོད་པའི་ཕྱིར། འཁོར་གསུམ། རྟགས་གསལ་ཅུང་ཉོག་སོང་མོད། དོན་དག་བཤད་ཡོད། དཔལ་ལྡན་ཚོགས་གཙོ་མཆོག
རིགས་ལངས་པ། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན།
འོ་ན། ལོ་ལྔ་ཡི་རྗེས་བོད་ཀྱི་ཡུལ་མིར་ཞུགས་པ་དེ་ཆོས་ཅན། ལོ་བདུན་གྱི་རྗེས་བཟའ་འཐོར་བྱུང་ན་བོད་ཀྱི་ཡུལ་མིའི་ཐོབ་ཐང་ཚུར་འཕྲོག་པར་ཐལ། མི་འཕྲོག་པར་ཐལ། ཨ། ཞགས་མགོ། ཡ་ཕྱིར།
ཚ། ཚ། ཚ། ཡང་དེ་ཆོས་ཅན། འོས་ཤོག་རྡུགས་ན་ཆོལ་ཁ་གསུམ་དང་། གཡུང་དྲུང་བོན་དང་བཅས་པའི་ཆོས་བརྒྱུད་གང་གི་ཁོང་དུ་འཛུལ་བར་ཐལ། ད་བཤད་མ་བསྡད། ལན་བརྒྱབ་དཱ་ལབ་ཡིན། འབུམ་དུམ་པ། ཕ་རྒན་དེ་ཟོ་ཆོས་རྩོད་ཤེས་ལེ་མ་རེད།
རིགས་ལངས་པ་མཁན་པོ་ཀ་བྲག་བསོད་ནམས།
ཞགས་མགོ་ཆ་བོ། འཁོར་རོ་རོ་འཁོར་གསུམ། རིལ་གྱིས་པཱ། ཆི་བཤད་བསྡད་ཡོད། ཤ་ཚ། རྒྱུ་མཚན་ལྟར་སྣང་དང་འབྲེལ་བའི་སྒོ་ནས་གསལ་བཤད་བྱེད་པ་ཡོད་པར་ཐལ། བཅའ་ཁྲིམས་བསྐྱར་བཅོས་ཉེར་ལྔ་བའི་སྐབས་སུ། བརྡ་སྤྲོད་རིག་པའི་གཞུང་ལུགས་ལ་མི་མཐུན་པ་ཞིག་བཞག་པ་ཡིན་པར་ཐལ། ཁུ་ཝང་ཟམ་གདོང་རིན་པོ་ཆེ་སོགས་དེ་དག་ནང་འདས་ཚིག་དང་མ་འོངས་པ་འབྲི་མི་ཤེས་མཁན་སུ་ཞིག་ལྷག་ཡོད་པར་ཐལ། ད་ལོབས། ལབ་ཡ་མེད་ན། མ་ཎི་འདྲ་བགྲངས་ནས་སྡོད། བརྡ་སྤྲོད་རིག་པའི་གཞུང་ལུགས་ནང་རང་ངོས་འདས་ཚིག་འབྲི་དགོས་པ་ལ། གཞན་ངོས་ན་མ་འོངས་པ་འབྲི་དགོས་པ་ལུང་ག་བར་ཡོད། ཆོ་ལོ་ཉོ་ལོ་བཤད་མི་དགོས། ཁ་ཐུག་ལན་བརྒྱབ་ཞོག ལབ་ཡིན། ཁྲ་ལམ་མེར་མཐོང་བ་འདི་ལྟར་རེད། མ་འོངས་པ་ལ་མ་འོངས་པ་འབྲི་དགོས་པ་དང་འདས་པ་ལ་འདས་པ་འབྲི་དགོས་པ་མ་ཡིན་པར་ཐལ། ད་ལབ། ལབ་ཡ་ཡོད་ན་ལབ་དང་། ཚིག་ཐག་ཆོད་པོའི་སྒོ་ནས་བརྡ་སྤྲོད་པའི་གཞུང་དཔང་དུ་བཞག་ནས་བཏང་ཡོད་དཱ། གླུ་གོ་ན་རྣ་བའི་བདུད་རྩི་ཡིན། མ་གོ་གླུ་ལ་འབྲེལ་བ་མེད།
རིགས་ལངས་པ་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན།
ཡ། ལོ་ལྔ་དང་གསུམ་ཁྱད་པར་མི་འདུག ཡུལ་མི་གཞན་བོད་མིར་ཞུགས་པ་དེ་བོན་ཅན། ཁྱོད་བོད་པ་དེ་དང་བཟའ་འཐོར་བརྒྱབ་ནས་ཡང་ཡུལ་མི་གཞན་ལ་ཆང་ས་བརྒྱབ་ན། ཨོ་དེ་བོན་ཅན། ཡང་ལོ་ལྔའི་རྗེས་སུ་མི་རིགས་གཞན་ཞིག་ལ་ཆང་ས་བརྒྱབ་ནས་ལོ་ལྔ་འགོར་ན་ཡང་བོད་མིར་ཞུགས་ཆོག་པར་ཐལ། འོ་ན། དེ་གཉིས་བོན་ཅན། ཡུལ་མི་གཞན་གཉིས་བོད་མིར་ཞུགས་པ་ཡིན་པར་ཐལ། དཱ། བཅའ་ཁྲིམས་ག་བར་སླེབས་སོང་། ལབ།
ཧཧཧ
དེ་རིང་གྲོས་ཚོགས་ལ་བསྐྱར་ཉན་ཞིག་བྱས་པ་ཡིན། མཉམ་དུ་ཟིན་བྲིས་འདི་འདྲ་རིང་པོ་ཞིག་འབྲི་འདུན་སྐྱེས་མོད། གད་མོ་ཤོར་ནས་མཇུག་སྐྱོང་མ་ཐུབ་ཐལ། དགོངས་དག་ཞུ། ངས་གོང་དུ་བྲིས་པ་དག་ལ་རྩོད་ཉམས་ཀྱི་ཚྭ་ཁུ་རེ་གཏོར་བ་ཙམ་ལས་ཁོང་རྣམ་པས་གང་གསུངས་ལ་སྒྲོ་འདོགས་དང་བཅད་གཏུབ་ཅི་ཡང་བྱས་མེད།
༢༠༢༤།༠༤ །༡༡ ཉིན།