བཀླགས་གྲངས། 1368
____བོད་ཀྱི་གློག་བརྙན་ལུག་ནག་ལ་བལྟས་རྗེས།
ཤེད་བུ།
____བོད་ཀྱི་གློག་བརྙན་ལུག་ནག་ལ་བལྟས་རྗེས།
པཎ་ཆེན་རིན་པོ་ཆེས་གསུངས་པ་ལྟར། ང་ཚོ་བོད་མི་རིགས་ནི། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མི་རིགས་ཤིག་ཡིན། ཡིད་ཆེས་འདི་དང་སྙིང་སྟོབས་འདི། ཡང་ན། ངོས་འཛིན་འདི་འདྲ་ཞིག་ངས་མི་རིགས་ལ་བསམ་བློ་གཏོང་ཤེས་པ་ནས་འགྱུར་བ་ཕྱིན་མ་མྱོང་། ད་ལྟའི་གཞིས་ཀྱི་གཞོན་སྐྱེས་ཚོས་འཛམ་གླིང་གི་འགྲན་ཡར་ལངས་པའི་གྲོག་མ་སྔོན་པོའི་རིགས་དང་ཨ་མཉམ་དོ་མཉམ་གྱིས་འགྲན་ནས་བསྡུར་ནས། མནན་ཀྱང་མ་ནོན་པར་ལངས་ནས་ཡོང་གི་ཡོད། འདི་དག་ལ་ངས་རྡོ་བཀད་ནས་བཞད་པའི་གངས་ལྷ་མེ་ཏོག་ཅེས་འབོད་ཀྱིན་ཡོད། རྒྱ་གར་ལ་དཔག་ནའང་ལག་སྟོང་མཆན་སྟོང་གི་རྒན་གོག་འགའ་ཡོང་ནས་ལམ་ཁ་ལས། སྡོང་བོ་བཅད། བུ་རྒྱུད་སྤེལ། སློབ་གྲྭ་བཙུགས། དགོན་པ་བཏབ། གཞུང་བཙུགས་ནས་རྒྱུ་འབྱོར་ཤེས་རིག་དང་བཅས་པའི་ཐད། ཡུལ་མི་མིག་གཟེར་ལངས་ས་ཞིག་ཏུ་གྱུར་ཡོད། ནུབ་ཕྱོགས་ལུང་བ་ཁག་ལའང་བོད་པ་ཚོ་གཞི་ནས་ཁྱབ་ཀྱིན་ཡོད་མོད། ལོ་བཅོ་ལྔ་ཉི་ཤུའི་རྗེས་སུ། མི་རབས་ནས་མི་རབས་བྱས་ཏེ་གསོས་ནའང་ལངས་རྒྱུ་མེད་པའི་ཧྥེ་གླིང་བ་དང་ཨ་རབ་པ་ཚོ་དང་ཡེ་ནས་མི་འདྲ་བར་རང་ས་ཚུགས་པའི་ཉིན་ཞིག་ཏན་ཏན་ཡོད་པའི་ཡིད་ཆེས་ང་ལ་བདོག
བར་སྐབས་འདིར། ཡང་ན། སྐྱོག་མཚམས་འདིར་སྲོལ་རྒྱུན་རིག་གནས་དང་བཅས་པ་ཟུངས་ཟད་ཤ་སྐམ་དུ་གྱུར་ཐལ་ནས། བསྐྱར་གསོ་དཀའ་བའི་གནས་ཤིག་ལའང་མི་འགྱུར་བའི་ངེས་པ་མེད་པས་ཕྱོགས་དེར་བསམས་ན་སེམས་པར་སྐྱོ་ངལ་ཧ་ཅང་ཆེ། ལོ་རབས་བརྒྱད་ཅུ་དགུ་བཅུ་བའི་ནང་བོད་ལ་གསར་རྩོམ་གྱི་འུར་ཕྱོགས་ཤིག་ལངས་ནས་སློབ་ཆུང་སློབ་མས་སྙན་ངག་འབྲི་བའི་དུས་ཤིག་བྱུང་མོད་། གྲོག་མ་སྔོན་པོ་རིག་གནས་པའི་སྡེ་ལ་འཁོར། གནས་ལ་འཁོར། དགོན་པར་འཁོར། སློབ་གྲྭར་འཁོར། མི་སྒེར་རེ་རེར་འཁོར། ཐ་ན་རྩོམ་སྒྲིག་ཁང་རེ་རེ་དང་། བོད་ཡིག་གི་དྲ་ངོས་རེ་རེར་འཁོར་ནས་བོད་ཡིག་གི་གནམ་ས་གཉིས་ཀ་མར་མེ་སྐད་ཅིག་ཐ་མའི་ངོ་བོར་གྱུར་ཡོད། བར་སྐབས་དེར། རྣམ་དཔྱོད་ཀྱི་ལང་ཚོ་དར་ལ་བབ་པའི་སྐུ་ཞབས་པདྨ་ཚེ་བརྟན་གྱིས་སྣེ་ཁྲིད་པའི་གློག་བརྙན་གྱི་ཚ་རླབས་ཤིག་འཕྱུར་མགོ་ཚུགས་ཡོད། ཚད་མཐོ་བའི་སྒྱུ་རྩལ་གློག་བརྙན་དང་དངོས་བཤུས་གློག་བརྙན། དགོད་བྲོའི་གློག་བརྙན་དང་བརྩེ་དུང་བརྙན་ཐུང་སོགས་ཆུ་ལོག་བཞིན་འཕྱུར་ནས་ཡོང་གིན་ཡོད། དེར་བརྟེན། གློག་བརྙན་གྱི་ཁ་ཕྱོགས་ཤིག་འཛིན་རྒྱུ་དང་སྡིངས་ཆ་ཞིག་བསྐྲུན་རྒྱུ་གལ་ཆེར་མཐོང་ནས་ཧྥ་ཇག་ཚོས་གསར་རྩོམ་དང་གློག་བརྙན་རིགས་ལ་དོ་སྣང་བྱེད་ཀྱིན་ཡོད།
ཁ་སང་ང་ཧྥ་ཇག་གློག་བརྙན་གཟིགས་འབུལ་གྱི་ལས་རིམ་ལ་ཞུགས་པ་ཡིན། རྒྱལ་སྤྱི་བསྐོར་ནས་ཡོང་བའི་ལུག་ནག་གམ་ལོ་གསུམ་གྱི་རྗེས་ནས་ཞེས་པའི་གློག་བརྙན་དེར་བལྟས་རྗེས། འབྲེལ་བའི་འཇོན་ཐང་ཞེས་པའི་ཐ་སྙད་ཅིག་ཁ་ནང་ལ་ལྷུང་སོང་། གློག བརྙན་དེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ཉི་ཤུར་ཞུགས་འདུག ཅི་ཉི་སིའི་མིང་ཐོའི་ནང་ཚུད་འདུག་པ་མ་ཟད། སྤྱི་ལོ་ ༢༠༢༡ ལོར་ཕ་རེ་སིའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཞིག་གི་སྟེང་བྱ་དགའ་ཨང་དང་པོ་ཐོབ་འདུག འདི་འདྲའི་བརྩམས་ཆོས་ཤིག་གིས་རྒྱལ་སྤྱི་བསྐོར་བ་དེར། ཏན་ཏན་འབྲེལ་བའི་འཇོན་ཐང་ལས་ཐ་སྙད་གཞན་མ་རྙེད། གློག་བརྙན་འདི་ནི་ལོ་རབས་དགུ་བཅུ་བའི་ནང་གི་འབྲོག་པ་ཞིག་གི་དངོས་སྒྲུང་གཞིར་བཞག་ནས་དོན་རྐྱེན་ཞིག་ཕབ་བསྐྲུན་བྱས་ཡོད་ཟེར། འཁྲབ་གཞུང་ངམ་བརྗོད་གཞི་གལ་ཆེན་ཞིག་ཏུ་སྣང་ནའང་། འཁྲབ་ཁྲིད་པས་དོན་རྐྱེན་ལྷུ་སྤྲོད་སྟངས་དང་ཞིབ་ཚགས་གང་ཐད་ནས་འཐུས་ཤོར་གྱིས་ཁེངས་པ་ཞིག་ཏུ་མཐོང་སོང་། གྲོག་མ་སྔོན་པོའི་གནམ་སྲིད་ཇུས་ཀྱི་འོག་གི་འབྲོག་པ་རྒན་པོའི་སྐྲག་ཇུས་དང་། བརྩེ་སེམས་ཀྱིས་སྦྲེལ་བའི་སྒོ་ཟོག་དང་འབྲོག་ཕྲུག་དབར་གྱི་འདང་བརྩེ། གནམ་སྲིད་ཇུས་ལ་ལག་ཡ་དོ་ཡ་མ་ཡོང་བར་དཀའ་ནས་འདག་པའི་སྟེང་དུ། རྨོངས་དད་ཀྱི་འཇའ་ཚོན་སྣ་ལྔས་ཀྱང་ཡང་ཡང་བསླུ་བྲིད་ཐེབས་པའི་འབྲོག་པ་རྒན་པོ་དེ་སྐྱོབ་ཐབས་བྲལ་བའི་གནས་སུ་མཆིས་ནའང་། དོན་ཆེན་ལྷུ་མ་འཕྲོད་དོན་ཆུང་ལ་ཞིབ་ཚགས་ཀྱིས་མ་འདང་བའི་ངོས་མང་པོ་ཞིག་གིས་དེ་འདྲའི་སྣང་བརྙན་བསྐྲུན་ཐུབ་མི་འདུག་སྙམ།
ཞིབ་ཚགས་ཀྱི་ཐད་ནས་འཁྲབ་ཁྲིད་པས་ང་བོད་ཀྱི་འཚོ་བར་ཞིབ་རྒྱུས་མེད་པས་འཁྲབ་ཁྲིད་པ་གཞོན་པའི་བཀོད་འདོམས་ལ་བསྟུན་ཡོད་ལུགས་ཤིག་བཤད་སོང་མོད། ང་ལ་མཚོན་ན་དེ་ནི་ལན་མ་རེད། འཁྲབ་སྟོན་པ་ཚོ་ཤོམ་དྲག་ཐལ་བ། ཕྱི་ལྭ་རྙིང་ནའང་ནང་ལྭ་གསར་ཐལ་བ། ལོ་རབས་དགུ་བཅུ་བའི་ནང་དམའ་རིམ་དཔོན་པོ volkswagen བསྐོར་མཁན་་ཞིག་མེད་པ་ནི། མིག་ཤད་ཅིག་གིས་དོ་སྣང་ཐུབ་པའི་ངོས་་རེད་སྙམ་སོང་། གཅིག་བྱས་ན། ང་ནོར་ཐལ་བ་དང་། ཞིབ་ཐལ་བ། ཡང་ན། བཟི་ཡོམ་ཡོམ་དང་འདང་རྒྱག་གི་ནང་དུ་སྟིག་སེ་གཡུག་པའི་པདྨ་ཚེ་བརྟན་གྱི་གློག་བརྙན་ཁག་གིས་ངའི་ཧམ་པ་ལངས་ཤོར་དུ་བཏང་ཡོད་ཀྱང་སྲིད། འཁྲབ་ཁྲིད་པ་གཞོན་པ་ནི་བོད་ཀྱི་འབྲོག་པ་རྒན་པོ་ཞིག་རེད། ངོས་དེ་ནས་བལྟས་ན། གློག་བརྙན་འདི་བསམ་བློས་ཕྱོགས་གང་སར་བསྙབས་ཡོད་པར་ཚོར་བ་མ་ཟད། བོད་ཀྱི་གློག་བརྙན་ཞིག་གིས་སྡིངས་ཆ་མང་པོ་ཞིག་རིམ་བརྒྱུད་ཐུབ་པར་དགའ་སྣང་ཡང་སྐྱེས་སོང་། ཞོར་ནས་བདག་མེད་དུ་ལུས་པའི་བོད་ཀྱི་སྒྱུ་རྩལ་བརྩམས་ཆོས་མོད་པོ་ཞིག་ཞེ་ལ་འཁོར་སོང་།
སྤྱི་ལོ་ ༢༠༢༤ ཟླ་ ༠༤ ཚེས་ ༢༩ ཉིན།