བཀླགས་གྲངས། 1304
ལུགས་ལྡོག་དང་ཤེད་བུ།
སྒོ་འགྲམ་དུ་མ་སྡོད།
—ལུགས་ལྡོག།
ཁྱོད་ཀྱིས་བདག་གི་ངོ་དེབ་ཏུ་ལྐོག་ལྟ་བྱེད་པ་ལས།
ཉེ་སར་བཅར་ཏེ་གཏམ་རྒྱུད་ཅིག་གི་འགོ་རྩོམ་ན་མིན་ནམ།
ང་ནི་གླེན་པའི་ཚུགས་ཀ་འཛིན་གོམས་ཆེ་བས།
ཁྱོད་ཀྱིས་ཅི་ཡང་མ་བཤད་དེ་ཡིབ་ལྟ་བྱས་ན།
ངས་ཁྱོད་ལ་དགོས་པའི་སྐད་ཆ་ཨེ་བཤད་མི་ཤེས།
ཁྱོད་རང་ངའི་རང་དབང་གི་གཞིས་ཀ་རུ་འཛུལ་མི་ཕོད་ན།
སྒོ་འགྲམ་དུ་མ་སྡོད། མིག་གིས་མི་རིག་སར་སོང་ཞིག།
ང་ལ་མགྲོན་པོ་སྣ་ཚོགས་ཡོད་པ་དེ་ཁྱོད་ཀྱིས་མི་ཤེས་ན།
དེ་རིང་ངས་ཁྱོད་ལ་སྐད་ཆ་འདི་ནན་ཏན་གྱིས་བཤད་པ་ཡིན།
ང་ནི། ཐག་གཅོད་ལ་བྲེལ་བའི་མི་ཞིག་ཡིན་སྟབས།
འགྲིག་དང་མི་འགྲིག་གི་འགྲིག་རྟགས་ནོར་རྟགས་བརྒྱག་དགོས།
ཁྱོད་ཀྱིས་སྤྱིར་བཏང་གི་ཁེ་ཕན་རེ་ལེན་འདོད་ཚེ།
ངས་ཁྱོད་ལ་གོ་སྐབས་དེ་སྤྲད་རྒྱུའི་མོས་མཐུན་བྱེད་དཀའ།
ང་ནི་བེད་སྤྱོད་རང་ལུགས་པ་ཚོར་སུན་ཡོད་པར་བརྟེན།
བདག་གི་ངོ་དེབ་ཀྱི་ཁེ་ཕན་ཆུང་ངུ་དེ་ཁྱོད་ལ་འཐོབ་དཀའ།
སྐད་ཆ་འདི་ཆེན་པོ་རྫིག་པོ་ཞིག་རེད་བསམས་ན།
ཁྱོད་ཀྱིས་ཆད་ལྷག་ནོར་གསུམ་མེད་པའི་ཚིག་འགའ་ཕྲིས་དང་།
དེ་ནས་ཁྱོད་ལ་གནས་ལུགས་ཤིག་རྟོགས་རྒྱུ་ཡོད་དོ།།
______
ངས་ཁྱོད་ཀྱི་སྒོ་མོ་རྡུང་དོན།
ཤེད་བུ།
ང་ནི་ཁྱོད་ཀྱི་སྒོ་འགྲམ་ན་ལྷག་པའི་བུད་མེད་ཅིག་ཡིན།
ཆགས་ཞེན་ཆེན་པོས་ང་ལ་མ་ལྟ་རོགས།
ང་ལ་མིག་ཡ་གཅིག་ལས་མེད་ཀྱང་སྲིད།
ང་ནི་གློ་སྙིང་བྲུས་ཚར་བའི་མཛེས་མ་ཞིག་ཡིན་ཀྱང་སྲིད།
ཁྱོད་ལ་ཆགས་པ་ག་ཚོད་ཆེ་ན།
གལ་སྲིད་ཁྱོད་ཀྱི་ཆགས་སྲེད་དེ་བསྐལ་བའི་མེ་དཔུང་ཡིན་ན།
ང་ནི་དབྱངས་ཅན་མའི་ཟླ་མཚན་ཟགས་པའི་གངས་རི་ཡིན་སྲིད།
ཁྱོས་ནམ་ཞིག་ལ་དབྱངས་ཅན་མའི་ཟླ་མཚན་མེ་རུ་བསྒྲོན་ཨང་།
ངས་ཡ་ཁྱོར་གཅིག་བྷ་ག་མེ་ཏོག་མ་ཅིག་གི་ཚུལ་དུ།
ཁྱོད་ཀྱི་སྒོ་འགྲམ་ནས་སྲོངས་དུས།
ཁྱོས་དགྱེ་བ་མ་བྱེད།
ཁྱོད་སུ་ཞིག་གི་ཆེད་དུ་ཞེ་སྨྲེང་བ་ངས་ཤེས་ཡོད།
ངས་ཆགས་སྐད་ལྷང་ལྷང་ཁྱོད་ཀྱི་རྒྱ་སྒོ་རྡུང་དུས།
ཁྱོས་ངར་བོ་མ་གནང་།
སྐར་ཆ་གཅིག་གི་ཡུན་ལ་ངས་ཁྱོད་ཤི་མིན་རོ་མིན་བཟོ་སྲིད།