བཀླགས་གྲངས། 1230
གནའ་གཏམ་ཞིག་སྲོག་ཏུ་བྱས་པའི་མདོ།
དེ་བཞིན་དུ་གཤེགས་མ་ཐུབ་པ། དགྲ་མ་བཅོམ་པ། ཡང་དག་པར་མ་རྫོགས་པ། སངས་མ་རྒྱས་པ་ཤེད་ཀྱི་བུ། ཡུལ་བྷོ་ཝེ་ལ་བྷོ་ཞེ་ན་གྲང་བསིལ་བསིལ། སྟོང་ལྷང་ལྷང་། ཟབ་མོ་གཉིད་ཀྱི་ཏིང་ངེ་འཛིན་ལས་ལྡང་སྟེ། རྗེས་ཐོབ་དྲ་ཉུལ་གྱི་ལས་སུ་ཞུགས་སོ། །དེའི་ཚེ་ན་ཡུལ་སཱ་ལའི་སྨན་ལྗོངས་ཀྱི་མི་བོ། གནའ་བོའི་གཏམ་གྱི་རྒྱུན་ཐག་བློ་རིག་དང་སྨྲ་ལྕེའི་རྐྱ་ལ་འདེབས་མཁན་ཞིག་གིས། "གནའ་གནའ་ཞིག་ལ། ས་ཆ་ཉམས་དགའ་བ། གངས་ཀྱིས་བསྐོར་བ། རྫ་རི་གནམ་ལ་བསྙེགས་པ། ནགས་མའི་མེ་ཏོག་དགོད་པ། སྤང་ལྗོངས་རི་དྭགས་རྒྱུ་ས་ཞིག་ནས། གླ་བ་ཞིག་དང་དགོ་བ་ཞིག་མཉམ་དུ་རྩྭ་ཆུ་ལ་རོལ་ནས་བདེ་སྐྱིད་ལྡན་པའི་ངང་འཚོ་བ་རེད། གླ་བས་རི་དྭགས་དགོ་བའི་སྟེང་ན་རྩི་ཞིག་ཡོད་པ་ཧ་གོ་ནས། རང་ཉིད་ལའང་དེ་འདྲའི་རྩི་ཞིམ་པོ་ཞིག་ཡོད་ན་ཅི་མ་རུང་སྙམ་པ་རེད།
གླ་བས་འདང་ཅི་ལྟར་བརྒྱབ་ནའང་། ཐབས་ལམ་གཅིག་ལས་མ་རྙེད་པ་རེད། རང་གི་གྲོགས་པོ་དགོ་བ་ལ། སང་ཉིན་ས་ཆ་ག་གེ་མོ་ན་རི་དྭགས་ཀྱི་སྟོན་མོ་ཞིག་རོལ་གྱིན་འདུག ངའང་དེར་འགྲོ་དགོས་པས། ང་ལ་ཁྱེད་ཀྱི་རྩི་དེ་གཡར་ན་འགྲིག་གམ་ཞེས་དྲིས་པ་རེད། དགོ་བའི་ལོས་གཡོར། གྲོགས་པོ་ཁྱེད་ལ་མི་གཡོར་སུ་ལ་གཡོར་ཞེས་རང་གི་རྩི་གླ་བར་གཡར་བ་རེད། གླ་བས་རྩི་དེ་གཡར་ནས་ས་ཆ་གཞན་ལ་ཕྱིན་ཏེ་ཕྱིར་མ་ཡོང་བ་རེད། ནམ་རྒྱུན་གླ་བས་ཞོགས་པ་སྔ་བོར་མགོ་བཀྱགས་ནས་ཡར་ལྟ་མར་ལྟ་མང་པོ་བྱེད་པ་དེ་དགོ་བ་ཨེ་ཡོང་ལྟ་གི་ཡོད་པ་རེད་ཟེར་སྲོལ་ཡོད། ལྷག་པར་གླ་བས་ཆུ་འཐུང་ནའང་ས་རུབ་དུས་མ་གཏོགས་མི་འཐུང་བའང་། དགོ་བ་ཡོང་བར་འཛེམ་པ་རེད་ཅེས་བཤད་སྲོལ་ཡོད། ད་དུང་དགོ་བས་ཐང་དཀྱིལ་ནས་ཁེར་འདུག་བྱས་ཏེ་འདུག་པའང་གླ་བས་རྩི་ཁྱེར་ནས་ཡོང་བར་སྒུག་པ་རེད་ཅེས་བཤད་སྲོལ་ཡོད་པ་མ་ཟད། ད་དུང་དགོ་བའི་རྩི་གླ་བས་ཁྱེར་ནའང་རྩི་ཁུག་དགོ་བའི་སྟེང་ན་ཡོད་པ་རེད་ཅེས་ཨ་མྱེས་ལོ་ལོན་ཚོས་གསུངས་ཀྱིན་འདུག དེར་ང་ལ་དོགས་པ་སྐྱེས་མྱོང་མོད། ཉེ་སྔོན་ངའི་གྲོགས་པོ་ཞིག་གིས་གླ་རོ་ཞིག་བ་ཡན་གཡུ་ཐོད་མཐོན་པོའི་འདབས་ན་ཡོད་པར་བཤད་པས། ངེད་གཉིས་ཆེད་དུ་ལྟ་བར་སོང་བ་ཡིན། དངོས་གནས་བདེན་པ་རེད། རྩི་ཁུག་ད་དུང་དགོ་བའི་འཕོང་ན་འདུག ད་དུང་དགོ་བའི་འཕོང་སྒོར་སྒོར་བྱས་ནས་དཀར་པོ་རེད། གཏམ་རྒྱུད་ལའང་དགོ་འཕོང་དཀར་ལུག་ལ་འདྲེས་ས་ཞེས་བཤད་ཚུལ་ཡང་འདུག གྲོགས་པོ་ཆུང་ཆུང་ཚོས་བལྟས་ན། དགོ་བའི་འཕོང་དཀར་པོ་ཡིན་པ་འདི་རྩི་རྐུན་མར་ཤོར་བ་དང་འབྲེལ་བ་ཡོད་དམ། དེ་བཞིན་དུ་མ་གཤེགས་པ། དགྲ་མ་བཅོམ་པ། སངས་མ་རྒྱས་པ། རིགས་པ་སྨྲ་བ་ཤེད་ཀྱི་བུའི་རིགས་པ་མཐའ་ཟད་དུ་གྱུར་ཏེ། དྲ་ལམ་ནས་གནའ་གཏམ་འཐུ་བའི་རྗེས་ཐོབ་ལས་སླར་ཡང་རང་དོན་དམར་རྗེན་མའི་དཀའ་ཐུབ་ཀྱི་ལས་ཆེན་པོར་རྩེ་གཅིག་ཏུ་མཉམ་པར་བཞག་གོ ཚེ་དང་ལྡན་པ། འཕྱ་སྨོད་ལ་དགའ་བ། དམའ་འབེབ་ལ་མཉེས་པ། སྨྱུག་རྩལ་ལ་བྱང་བ། སྐད་ཡིག་ལ་བརྩེ་བ། གསལ་ལེ་རྒྱལ་དང་ལུགས་ལྡོག་སོགས་ཧྥ་ཇག་ཐམས་ཅད་ཡི་རངས་ཏེ། ཤེད་བུའི་གསུངས་པ་ལ་མངོན་པར་ལྟིར་དིར།
སྤྱི་ལོ་ ༢༠༢༤ ལོའི་ཟླ་ ༠༦ ཚེས་ ༠༦ ཉིན།
བཙོག་གི་ཡ།